དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཐུགས་གསོའི་ཆེད་གཞུང་འབྲེལ་ཕེབས་པ།

jadreal rinpocheཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༩ ཉིན་སྤྱི་འཐུས་ཚོགས་གཞོན་མཆོག་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་ཐུགས་གསོའི་ཆེད་དུ་དེ་ཉིན་ཆུ་ཚོད་ ༡།༣༠ ཐོག་ལས་ཤག་ནས་གྷ་གལ་གནམ་ཐང་དུ་ཕེབས་ཐོན་གནང་སྟེ་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་དང་། ཚེས་ ༡༠ སྔ་དྲོ་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་ལྷན་མཁའ་ལམ་བརྒྱུད་བལ་ཡུལ་དུ་ཕེབས་འཕྱོགས་གནང་།བསུ་བསྐྱེལ་དང་བཞུགས་གནས་བཅས་བལ་ཡུལ་ཞེ་ཆེན་དགོན་ནས་གོ་སྒྲིག་གནང་ཡོད། དེ་ཡང་ཚེས་ ༡༡ སྔ་དྲོ་ཡང་ལེ་ཤོད་དུ་ཕེབས་ཐོན་གྱིས་༸སྐྱབས་རྗེ་བདེ་བར་གཤེགས་པ་བྱ་བྲག་རིན་པོ་ཆེ་མཆོག་གི་སྲས་མོ་སྭ་རཱ་སྭ་སྟི་དང་མཁའ་འགྲོ་བཅས་མཇལ་ཏེ་ཐུགས་གསོ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོའི་གནས་བྲིས་ཕུལ་བ་བཅས་ཁུངས་འབུལ་ཞུས་པས་སྲས་མོ་མཆོག་གིས་བཀའ་ཤག་གི་སྐུ་ཚབ་བལ་ཡུལ་དོན་གཅོད་མཆོག་ཆེད་ཕེབས་གནང་བ་སོགས་གསུངས་འདུག དེ་རྗེས་༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཇལ་ཁ་ཞུས། དེར་ཕེབས་པའི་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་མཆོག་དང་། ཀཿཐོག་སིདྷི་རིན་པོ་ཆེ་མཆོག་སོགས་བླ་ཆེན་ཁག་མཇལ་ཁ་ཞུས། དེའི་ཉིན་དགུང་གསོལ་ཚིགས་ཞུས་རྗེས།ཡང་ལེ་ཤོད་དཔལ་ཡུལ་སྒྲུབ་སྡེར་རྣམ་གྲོལ་གླིང་མཁན་ཆེན་རྣམ་གྲོལ་མཆོག་མཇལ་འཕྲད་ཞུས། ཕྱི་ཉིན་ཚེས་ ༡༢ ཉིན་སྔ་དྲོར་མཆོད་རྟེན་བྱ་རུང་ཁ་ཤོར་མཇལ་ཁ་ཞུས། དེ་རྗེས་དེང་སང་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དང་རྣམ་གྲོལ་གླིང་མཁན་པོ་འཆི་མེད་ཚེ་རིང་ལགས་ནས་གསོལ་ཚིགས་སུ་མགྲོན་འབོད་གནང་བ་བཞིན་རྒྱལ་སར་སྤྱི་འཐུས་བུ་ཕྲུག་མཆོག་དང་བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་བཅས་ལྷན་བཅར་གནང་། ཚེས་ ༡༣ སྔ་དྲོ་བལ་ཡུལ་ཞེ་ཆེན་དགོན་ནས་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཐོན་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་ལྟར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ཆུ་ཚོད་ཁ་ཤས་སྐུ་ངལ་གསོས་ཏེ། དེ་ཉིན་མེ་འཁོར་ཐོག་ཕེབས་ཐོན་གྱིས་ཚེས་ ༡༤ སྔ་དྲོར་པ་ཀྲན་ཀོཊ་དུ་འབྱོར་བ་དང་། དེ་ནས་ལས་ཁུངས་ཀྱི་སྣུམ་འཁོར་ཕེབས་བསུར་བཅར། ཆུ་ཚོད་ ༡།༣༠ ཙམ་ལ་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས་ཐེངས་འདིའི་ཐུགས་གསོའི་མཛད་རིམ་རྣམ་ལེགས་པར་གྲུབ་པའི་གནས་ཚུལ་དུ།

Menu