དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀམ་ལ་ནེ་རུ་སྨན་ཁང་གི་སྨན་པ་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཧི་མ་ཅཱལ་མངའ་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གི་སྐུ་ཟླ་དང་། སིམ་ལར་རྟེན་གཞི་བྱས་པའི་ཀམ་ལ་ནེ་རུ་སྨན་ཁང་ (Kamla Nehru Hospital) གི་སྨན་པ་ལྕམ་སྐུ་ནི་དྷི་ (Dr Nidhi, Assistant Professor,Gynecologist) མཆོག་བཞུགས་སྒར་རྡ་སར་ལས་དོན་དང་འབྲེལ་བའི་ཐོག་ཕེབས་པ་དང་བསྟུན། རྡ་ས་ས་གནས་ཀྱི་ཊི་སྦི་སྔོན་འགོག་ལས་གཞིའི་ལས་བྱེད་དང་ཧི་མཱ་ལ་ཡའི་ཁྱིམ་ཚང་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་རི་ཤི་ཝ་ལ་ཡ་ (Rishi Walia) ལགས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྣེ་ལེན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་། སྐབས་དུས་སོ་སོར་སྤྱི་འཐུས་ཀྱི་གྲངས་འབོར་ལ་འགྱུར་བ་ཇི་བྱུང་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བ་དང་། རིམ་པས་ལི་ཐུ་ཝ་ནི་ཡ་དང་། ཨ་རི། སི་ཀོཊ་ལནྜ། ཨི་ཊ་ལི། ཁེ་ན་ཌ། ལཊ་ཝི་ཡ་བཅས་ཀྱི་རྒྱལ་ཁབ་ནང་ཚོགས་ཆེན་བསྐོངས་ཏེ་ད་བར་ཁྱོན་ཚོགས་ཆེན་ཐེངས་བདུན་ཚོགས་ཡོད་པ་དང་། ཚོགས་ཆེན་རིམ་པར་བཞག་པའི་གྲོས་ཆོད་སྐོར། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གདུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༤ ཡིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། དེ་བཞིན་བོད་ནང་བཙན་དབང་ཐོག་བོད་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་དང་ཡིག་ཆ་ཁག་འགྲེལ་བརྗོད་དང་འབྲེལ་ཁོང་ལ་ཕུལ་གནང་རྗེས།  དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྕམ་སྐུ་ཁོང་ལ་སིམ་ལར་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། སྨན་པའི་ཚོགས་པ་སོགས་བརྒྱུད་ནས་བོད་ཀྱི་ཆབ་སྲིད་གནས་བབ་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་བ་དང་། ལྕམ་སྐུ་ཁོང་གིས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གནང་བའི་བོད་དོན་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་རིམ་པས་བཀླགས་ནས་བོད་དོན་སྐོར་གང་ཐུབ་སྤྱི་ཚོགས་ནང་ཁྱབ་སྤེལ་བྱེད་ཀྱི་ཡིན་ཞེས་གསུངས་གནང་སོང་།

རྩ་བའི་ལྕམ་སྐུ་ཁོང་བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་གང་ཡང་མེད་ཀྱང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་དང་། ནང་ཆོས་དང་འབྲེལ་བའི་ཕྱག་དེབ་ཁག་ལ་རྒྱུན་དུ་དོ་སྣང་ཆེན་པོ་ཡོད་སྐོར་གསུངས་གནང་སོང་།

དེ་རྗེས་ལྕམ་སྐུ་ནི་དྷི་མཆོག་བོད་ཀྱི་དཔེ་མཛོད་ཁང་དང་། སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །

Menu