དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་པྲེམ་ད་སི་ར་ཡི་མཆོག་གི་ཡབ་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།

དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་པྲེམ་ད་སི་ར་ཡི་མཆོག

༄༅། །རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་པྲེམ་ད་སི་ར་ཡི་ (Shri Prem Das Rai) མཆོག་གི་ཡབ་རྒྱ་གར་འབྲས་ལྗོངས་མངའ་གཞུང་གི་དྲུང་ཆེ་ཟུར་པ་དང་། ཆབ་སྲིད་པ་སྐུ་ཞབས་ཅན་ད་ར་ད་སི་ར་ཡི་ (Shri Chandra Das Rai) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐུ་ཞབས་ཁོང་ལ་ཐུགས་གསོ་ཞུས་གནང་འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱི་ཡབ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་སྒང་ཏོག་ས་གནས་འགོ་འཛིན་བརྒྱུད་ཐོས་འཕྲལ་ང་རང་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང་། སྐུ་ཉིད་ཀྱི་ཡབ་འདས་གྲོངས་སུ་གྱུར་བ་དེས་ཁྱེད་ཀྱི་ནང་མི་ལྷན་རྒྱས་ལ་གྱོང་གུད་ཆེན་པོ་བྱུང་བ་མ་ཟད། ང་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཀྱིས་གཙོས་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
སྐུ་ཉིད་དང་། འབྲས་ལྗོངས་མངའ་གཞུང་ནས་ས་གནས་སུ་བཅའ་བཞུགས་བོད་མི་ཚོར་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ ༢༠༡༩ བར་སྐུ་ཞབས་ཁྱེད་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིའི་ལས་འགན་བཞེས་པའི་སྐབས། ང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་སྐུ་ཉིད་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བ་དང་། ཕྱིས་སུ་ཕྱི་ལོ་ ༢༠༡༩ ལོར་སླར་ཡང་མཇལ་མོལ་གནང་རྒྱུའི་གོ་སྐབས་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇལ་འཕྲད་སྐབས་སོ་སོར་སྐུ་ཉིད་ནས་ལམ་སྟོན་གནང་བ་དེ་དག་གིས་ང་ཚོའི་འཐབ་རྩོད་ཐོག་ཕན་ཐོགས་ཆེན་པོ་བྱུང་བར་ངས་ཡི་རངས་ཞུ་གི་ཡོད།
ངས་སླར་ཡང་ཁྱེད་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས། །

Menu