དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་མཆོག་དང་མཇལ་འཕྲད་གནང་བ།


༄༅། །ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་གི་སྤྱི་ཁྱབ་སྨན་བཅོས་འགན་འཛིན་སྨན་པ་སྐུ་ཞབས་ཇི་ཌི་གྷུབ་ཏ་ (Dr. G.D. Gupta,CMO Kangra) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཁག་ཅིག་ལ་འཚམས་གཟིགས་ཕེབས་གནང་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༤ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྐུ་ཞབས་ཁོང་དང་། ས་གནས་ཀྱི་ཊི་སྦི་སྔོན་འགོག་ལས་གཞིའི་ལས་བྱེད་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཤི་ཝ་ལ་ཡ་ (Rishi Walia) མཆོག རྡ་ས་ས་གནས་འགོ་འཛིན་བཅས་ནས་ཚོགས་གཞོན་ལས་ཁུངས་སུ་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་སོང་།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། བོད་ནང་གཞིས་བཞུགས་བོད་མི་ཚོས་མུ་མཐུད་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བཙན་བྱོལ་ནང་༧གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་བཟང་པོའི་འོག་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་འགྲོ་བཞིན་ཡོད་པ་སོགས་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་བབ་ངོ་སྤྲོད་སྙིང་བསྡུས་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་གནང་བཞིན་ཡོད་སྐོར། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐོར་ངོ་སྤྲོད་སོགས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ས་གནས་ཀྱི་འབྲེལ་ཡོད་བོད་མིའི་བསྟི་གནས་ཁག་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་དང་། སྐུ་ཞབས་ཁོང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་གནང་ཕྱོགས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། བཙན་བྱོལ་བོད་མིའི་མི་འབོར། གྲོས་ཚོགས་ཚོགས་དུས་སོགས་དང་འབྲེལ་བའི་དྲི་བ་ཁག་ཅིག་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་སོང་།

གཞན་ཡང་མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཡིག་ཆ་ཁག་ངོ་སྤྲོད་དང་བཅས་ཕུལ་གནང་བ་མ་ཟད། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་འཁྲིད་གནང་ཡོད་པ་བཅས། །

Menu