༄༅། ། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རྟེན་འབྲེལ་དང་། སྐྱེས་སྐར། རྒས་ཡོལ། ཆོས་ལུགས་དུས་སྟོན་སོགས་ལ་སྐུ་མགྲོན་གདན་ཞུས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༩ རེས་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་ ༡༢།༤༠ ཙམ་གྱི་ཐོག་རྡ་ས་མེག་གྷན་དུ་ལོ་ངོ་སུམ་ཅུ་ལྷག་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཇ་ཡཱ་རཱམ་ཤར་མ་ (Shri.Jai Ram Sharma) ལགས་ཀྱི་གཟིམ་ཤག་ཏུ། ཁོང་གི་བུའི་རྟེན་འབྲེལ་ལས་རིམ་ཐོག་སྔོན་ནས་གདན་ཞུས་ལྟར། མཐུན་ལམ་དང་ཆེ་མཐོང་སླད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ་མཆོག་བཅས་གཞུང་འབྲེལ་ཐོག་ཆེད་བཅར་གྱིས་སྐུ་ཞབས་ཁོང་དང་། ཁོང་གི་བུ་སོགས་ནང་མི་ཡོངས་ལ་འཚམས་འདྲིའི་མཇལ་དར་དང་དྲན་རྟེན་ཕྱག་རྟགས་ཕུལ་གནང་རྗེས།
སྐུ་ཞབས་ཁོང་དང་ཁོང་གི་ནང་མི་རྣམ་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་ནང་མི་རྣམས་ནས་ཀྱང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་གདན་ཞུས་ལྟར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་གནང་ཡོད་པ་བཅས། །