དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཡབ་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་འཕྲིན་ཡིག་ཕུལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཨེམ་སི་སྨན་ཁང་དུ་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡོ་གྷི་ཨ་དྷི་ཏི་ཡ་ནཱཐ་ (Shri.Yogi Adityanath) མཆོག་གི་ཡབ་དམ་པ་སྐུ་ཞབས་ཨ་ནནྡ་བྷི་ཤིཏ་ (Shri Anand Bisht) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་གནང་ཡོད་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱི་ཡབ་སྐུ་ཚེ་མ་ཟིན་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་དང་། སྐུ་ཉིད་ལ་མི་སུ་འདྲ་ཞིག་གིས་ཁ་སྐོང་མི་ཐུབ་པའི་སྟོང་ཆ་ཞིག་ཆགས་ཡོད་ཀྱང་། ད་ཆ་རྒྱ་གར་དང་། དམིགས་བསལ་ཡུ་པི་མངའ་སྡེའི་ནང་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་གིས་བཟོས་པའི་ཛ་དྲག་གནས་སྟངས་ཐོག་སྐུ་ཉིད་ཀྱིས་མུ་མཐུད་རྒྱ་གར་མི་འབོར་མང་ཤོས་ཡོད་པའི་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་དག་བཞེས་བཞིན་ཡོད། ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་འགྲོ་བཞིན་པའི་དུས་སྐབས་འདིར། ང་ཚོས་སྐུ་ཉིད་ཀྱི་འགོ་འཁྲིད་ཀྱི་ནུས་པ་དང་། ཡབ་འདས་གྲོངས་སུ་གྱུར་བའི་སེམས་སྡུག་ཡོད་ཀྱང་མངའ་སྡེའི་མི་མང་གི་སྲུང་སྐྱོབ་གལ་ཆེར་བརྩིས་པའི་གཞན་དོན་སྒྲུབ་པའི་ལྷག་བསམ་མངོན་པར་ཡིད་སྨོན་ཞུ་རྒྱུ་ཡིན།

སྐུ་ཉིད་ནས་མངའ་སྡེའི་ནང་ཐེམ་སྤང་བཀའ་རྒྱར་སྲུང་བརྩི་དང་། ཁྱབ་གདལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ཕམ་ཉེས་སུ་གཏོང་ཆེད། ཡབ་དམ་པའི་འདས་མཆོད་ལ་མཉམ་ཞུགས་གནང་མེད་པ་མ་ཟད། ཡབ་འདས་གྲོངས་སུ་གྱུར་བའི་དུས་སྐབས་སུའང་སོ་སོའི་མངའ་ཁོངས་མི་མང་སྲུང་སྐྱོབ་དང་། ཞབས་ཞུ་སྒྲུབ་བཞིན་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཡིན་པ་དང་། དེ་ནི་མི་­ཚང་མས་བྱེད་ཐུབ་པ་ཞིག་མིན།

ང་ཚོས་དམ་པ་ཁོང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

མཐའ་དོན། སྐུ་ཉིད་ནས་ཡུ་པི་མངའ་སྡེའི་མི་མང་ལ་མུ་མཐུད་ཞབས་ཞུ་བསྒྲུབ་རྒྱུ་སོགས་ལས་དོན་གང་ཅིར་ལམ་ལྷོངས་དང་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་འདུག

 

 

 

 

Menu