དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༧ ཉིན་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཟུར་པ་སྐུ་ཞབས་ཝི་པིན་ པར་མར་ (Shri Vipin Parmar) མཆོག་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། སྤྱིར་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། སྐུ་ཞབས་ཁྱེད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་གནང་བའི་རིང་ས་གནས་མི་མང་གི་རེ་བ་དང་མངོན་འདོད་ཇི་བཞིན་གྲུབ་གནང་ཡོད་པ་མ་ཟད། ཧི་མཱ་ཅལ་མངའ་སྡེ་དང་། མི་མང་གི་ཁེ་ཕན་སོགས་སྔར་ལྷག་ཡར་རྒྱས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ང་ཚོས་སྐུ་ཞབས་ཁྱེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྣེ་ལེན་མཇལ་འཕྲད་ཐེངས་ཁ་ཤས་གནང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་བཞིན་སྐབས་ ༡༢ དང་། ༡༣ པའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དགུན་ཁའི་གྲོས་ཚོགས་འཚོགས་སྐབས་སྐུ་ཞབས་ཁྱེད་མཇལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོར་མངའ་སྡེའི་བློན་ཆེན་དང་། གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་མངའ་སྡེའི་གྲོས་ཚོགས་འཚོགས་སྐབས་སྐུ་ཞབས་ཁྱེད་བསྐྱར་དུ་མཇལ་འཕྲད་ཀྱི་གོ་སྐབས་གནང་རྒྱུའི་རེ་བ་ཡོད།

སླར་ཡང་ངས་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་དང་། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ནང་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །