དཔལ་ལྡན་ཚོགས་གཞོན་མཆོག་ཧར་ཡ་ན་མངའ་སྡེའི་སྐྱབས་བཅོལ་བོད་མིའི་ཚོང་པའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༡ ཉིན་ཧར་ཡ་ན་མངའ་སྡེའི་རི་ཝ་རི་ (Rewari) གྲོང་ཁྱེར་ནང་གི་ཧུ་ཌ་ཐང་ཆེན་ (Huda Ground) དུ་ཧར་ཡ་ནའི་མངའ་ཁོངས་བོད་མིའི་ཚོང་པའི་སྐྱིད་སྡུག་ས་ཁག་བཅུ་གསུམ་གྱི་ཚོང་པའི་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད་འདུག

དེ་ཡང་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག གཞན་སྐུ་མགྲོན་དུ་རི་ཝ་རི་གྲོང་ཁྱེར་གྱི་རྫོང་དཔོན་སྐུ་ཞབས་ཡ་ཤི་ཝིན་དར་ སིང་ (Yashivendra Singh,DC Rewari) མཆོག་དང་། ས་གནས་ཉེན་རྟོག་དཔོན་སྐུ་ཞབས་ནཛ་ཝིན་ བྷ་སིན་ (Nazween Bhasin,SP Rewari) ལགས། ཧར་ཡ་ན་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨ་རུན་ ཇོ་ཤི་ (Arun Josh,Gen Sec,BTSM) ལགས། ཧར་ཡ་ན་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་སྐུ་ཞབས་ན་རན་དར་ ར་ཝཏ་ (Narender Rawat,Ambala) ལགས། རི་ཝ་རི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་སྐུ་ཞབས་ཝི་ནའེ་ སཧ་ནི་ (Vinay Sahni,Sahyog,BTSM,Rewari) ལགས། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན། དབུས་ཀྱི་སུད་ཚོང་ལྷན་ཚོགས་ཀྱི་སྐུ་ཚབ་ཚེ་རིང་རྡོ་རྗེ་ལགས། ཧར་ཡ་ན་སུད་ཚོང་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་རྣམ་པ་བཅས་ཁྱོན་མི་གྲངས་ ༥༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། རྣམ་པ་ཚོས་མགྲོན་ཤོག་གནང་བ་གཞིར་བཟུང་ང་རང་གཞུང་འབྲེལ་ཐོག་ནས་བཅར་བ་ཞིག་ཡིན། ངས་ཐོག་མར་མཛད་སྒོའི་ཐོག་ཕེབས་པའི་ཕྱི་ནང་གི་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དེ་རིང་རི་ཝ་རིར་ཧར་ཡ་ན་སུད་ཚོང་ཚོ་ཁག་བཅུ་གསུམ་གྱི་ཚོང་པའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྐུ་མགྲོན་གཙོ་བོར་བཅར་རྒྱུ་བྱུང་བ་དང་། རྣམ་པ་ཚོ་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་དང་། རྩ་བའི་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས། ང་ཚོ་བཙན་བྱོལ་ནང་སླེབས་དགོས་བྱུང་ཡོད། བཙན་བྱོལ་ནང་བསྡད་ནས་ད་བར་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་གར་གཞུང་མང་གཉིས་ནས་ང་ཚོར་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་པར་བརྟེན། རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་རེད། གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་པའི་འཐབ་རྩོད་དེ་འཛམ་གླིང་སྡིངས་ཆའི་སྟེང་སླེབས་ཐུབ་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མི་ཚོར་གདུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་སྟབས། གཞིས་བཞུགས་བོད་མི་རང་ལོ་ ༡༥ ནས་ ༦༤ བར་ཁྱོན་མི་གྲངས་ ༡༥༤ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་གནང་ཡོད། ད་ལྟ་བོད་ནང་མུ་མཐུད་དྲག་གནོན་ཆེ་རུ་གཏོང་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཟེར་བ་སོགས་སྲིད་བྱུས་སྣ་ཚོགས་བཏིང་ནས་བོད་རིགས་རྣམས་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད།  འོན་ཀྱང་༧རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་ལམ་སྟོན་དང་། གཞིས་བཞུགས་རྒྱ་ཆེའི་མི་མང་གི་སྙིང་སྟོབས། བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་དང་སྟོང་ཕྲག་བཞི་བཅུ་ཡོད་པ་དེས་དཀའ་ལས་བརྒྱབ་པ་བཅས་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་མུ་མཐུད་གསོན་པོར་གནས་ཐུབ་ཡོད། ད་ཆ་བོད་ཕྱི་ནང་གཉིས་སུ་མི་ཐོག་གསུམ་པས་བོད་ཀྱི་འཐབ་རྩོད་སྣེ་འཁྲིད་བཞིན་ཡོད།

སྤྱིར་ལོ་རྒྱུས་ཐོག་རྒྱ་གར་དང་བོད་ཀྱི་དབར་ཆོས་དང་། རིག་གཞུང་། སྐད་ཡིག ས་མཚམས་བཅས་ཀྱི་འབྲེལ་བ་ཡོད། དེའི་སྐབས་རྒྱ་གར་བ་རྣམས་གནས་གངས་དཀར་ཏི་སི་དང་། མཚོ་མ་ཕམ་བཅས་ལ་གནས་གཟིགས་སུ་ཕེབས་སྐབས་མཐོང་མཆན་དང་། ལུས་པོའི་འཕྲོད་བཞེས་སོགས་བརྟག་དཔྱད་གནང་མ་དགོས་པར་ཕེབས་ཆོག་ཀྱང་། རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པའི་རྗེས། རྒྱ་གར་བ་གནས་གཟིགས་སུ་ཕེབས་མཁན་ཚོ་མཐོང་མཆན་ཞུ་དགོས་པ་མ་ཟད། ལུས་པའི་འཕྲོད་བཞེས་ཡག་པོ་མེད་ན་གནས་དེ་དག་མཇལ་ཐབས་མེད། དེ་བཞིན་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་ནས་རྒྱ་གར་ས་མཚམས་ལ་དཀའ་ངལ་བཟོས་ཡོད་པ་མ་ཟད། དུས་ད་ལྟའང་རྒྱ་དམར་གཞུང་གིས་རྒྱ་གར་གྱི་ས་མཚམས་དང་། ཁོར་ཡུག་སོགས་ལ་དཀའ་ངལ་བཟོས་དང་བཟོ་བཞིན་པ་སོགས་རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པ་དེས་བོད་ཙམ་མ་ཟད། རྒྱ་གར་མི་མང་ལའང་དཀའ་ངལ་འཕྲད་བཞིན་ཡོད། ད་ལྟའི་རྒྱ་གར་དམག་སྤྱི་ལས་ཐོག་གིས་ནམ་ཞིག་བོད་རྒྱའི་དཀའ་ངལ་མ་སེལ་ན། རྒྱ་དཀར་ནག་གཉིས་ཀྱི་དཀའ་ངལ་དུས་ནམ་ཡང་སེལ་གྱི་མ་རེད་ཅེས་གསུངས་གནང་ཡོད།  བྱས་ཙང་དེ་རིང་མཛད་སྒོར་ཕེབས་པའི་རྒྱ་གར་ས་གནས་ཀྱི་རྫོང་དཔོན་དང་། ཉེན་རྟོག་དཔོན་རྣམས་རྒྱ་གར་ནང་ས་གནས་གང་སར་ལས་ཀའི་ཆེད་གནས་སྤོ་བྱེད་ཀྱི་ཡོད་སྟབས། ཁྱེད་རྣམས་གང་དུ་གནང་སྤོས་གནང་སའི་ས་གནས་དེ་དག་གི་བོད་རིགས་ཚོར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་དེ་རྒྱ་དམར་གྱིས་བཙན་འཛུལ་བྱས་པར་བརྟེན། བོད་མི་རྣམས་རང་གི་ལུང་པ་བཞག་སྟེ་རྒྱ་གར་སོགས་ལ་བཙན་བྱོལ་དུ་སྡོད་དགོས་བྱུང་ཡོད། རྒྱ་གར་ནང་བོད་མི་ཚོས་ས་ཁུལ་འདྲ་མིན་ནང་ཟླ་བ་གསུམ་ཙམ་རིང་དགུན་ཁ་སུད་ཚོང་བརྒྱབ་ནས་སོ་སོའི་འཚོ་བ་སྐྱེལ་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལའང་དང་བླངས་དཔྱ་དངུལ་དང་། ངེས་མེད་ཞལ་འདེབས་འབུལ་གནང་གི་ཡོད། བྱས་ཙང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཚོས་བོད་མིའི་སུད་ཚོང་ཐོག་མཐུན་འགྱུར་རོགས་མགོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རིགས་ཚོས་ཡིན་ནའང་། དང་བླངས་དཔྱ་དངུལ་དང་། ཚོང་ཕུད་ཞལ་འདེབས་ཕུལ་དང་འབུལ་བཞིན་པ་དེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལ་རྒྱབ་རྟེན་ཡོང་གི་ཡོད་རེད། རྣམ་པ་ཚོ་ག་ཚོད་ཀྱིས་ཡག་པ་འཚོ་ཐུབ་པ་བྱུང་ན། ང་ཚོ་བོད་མིའི་འཐབ་རྩོད་ཐོག་དེ་ཚོད་ཀྱིས་ལས་འགུལ་ཤུགས་ཆེ་བ་སྤེལ་ཐུབ་ཀྱི་ཡོད།

དེ་མཚུངས་སྤྱི་འཐུས་རྣམ་པ་ཚོ་དབྱར་ཁ་དང་། དགུན་ཁ་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སུད་ཚོང་ས་གནས་ཁག་ལ་འཚམས་གཟིགས་ཕེབས་ཀྱི་ཡོད་རེད། དེའི་སྐབས་མི་མང་གིས་བདེ་སྡུག་གང་ཞུས་པ་རྣམས་སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཞུས་རྗེས། སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་བཀའ་ཤག་ལ་ཡར་སྙན་སེང་ཞུ་གི་ཡོད་རེད། རིམ་པས་འཛིན་སྐྱོང་བཀའ་ཤག་ངོས་ནས་དཀའ་ངལ་གང་ཡོད་པ་དེ་དག་སེལ་གྱི་ཡོད། སྤྱིར་དེང་སང་དགུན་ཁའི་སུད་ཚོང་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་ནའང་། ང་ཚོའི་ངོས་ནས་ཡ་རབས་དང་། ཉམ་ཆུང་། སེམས་བཟང་། ཕན་ཚུན་བརྩི་བཀུར། ས་གནས་ཡུལ་མི་མཉམ་དུ་འཆམ་མཐུན་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད།  དེ་བཞིན་ས་གནས་སུ་བོད་པའི་ཆབ་སྲིད་སྐོར་གོ་རྟོགས་གང་མང་སྤེལ་རྒྱུ་དང་། བོད་སྤྱི་པའི་ལས་དོན་ཐོག་ཚང་མས་འགན་འཁུར་དགོས་པ་དེ་གནད་འགག་ཆགས་བསྡད་ཡོད་རེད། འདས་པའི་ལོ་ངོ་དྲུག་ཅུའི་རིང་ང་ཚོས་དཀའ་ལས་བརྒྱབ་ཡོད་རེད། ད་དུང་ཡིན་ནའང་དཀའ་ལས་བརྒྱབ་དགོས་ཀྱི་རེད། དེ་རིང་རྣམ་པ་ཚོ་རྒྱུན་ལས་གསར་པ་གདམ་གྱི་ཡོད་ཙང་། ང་མིན་ཁོ་མིན་ཞེས་མིན་པར། སྤྱི་ཚོགས་ཞབས་ཞུའི་ངོ་བོའི་ཐོག་ནས་ཚང་མས་ཕྱག་ལས་ཧུར་ཐག་གནང་དགོས་རེད་ཅེས་ཞུ་རྒྱུ་དང་། མཐའ་དོན་བོད་རྒྱལ་ལོ། རྒྱ་གར་རྒྱལ་ལོ། འཛམ་གླིང་རྒྱལ་ལོ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག་ཅེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་སྐུ་མགྲོན་རྣམ་པ་ཚོར་ཆེ་བསྟོད་ཕྱག་རྟགས་ཕུལ་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་དང་། དམིགས་བསལ་ཚོགས་ཆེན་སྐབས་༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་ཐོག་བཞག་པའི་གྲོས་ཆོད་ཡིག་ཆ་སོགས་རྒྱ་གར་སྐུ་མགྲོན་རྣམས་ལ་ཕུལ་གནང་ཡོད་འདུག་པ་བཅས། །

Menu