དཔལ་ལྡན་ཚོགས་གཞོན་མཆོག་སིག་ཆོས་ལུགས་ཀྱི་གུ་རུ་དམ་པ་གཉིས་ཀྱི་སྐུའི་འཁྲུངས་སྐར་དུས་དྲན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཧོ་ཤ་ཡར་པུར་  (Hoshiarpur) གྲོང་ཁྱེར་ནང་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་ (Baba Sri Guru Nanak Dev ji) དམ་པ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བ་དང་། གུ་རུ་ཌིབ་སིང་ (Baba Deep Singh ji) དམ་པ་མཆོག་སྐུ་འཁྲུངས་པའི་དུས་དྲན་བཅས་སྲུང་བརྩིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་དེ་རིང་སྔ་དྲོ་ཨ་ནྣཏ་པུར་ས་ཧིབ་དུ་ཡོད་པའི་ (Anandpur Sahib Gurudwara) སིག་ལྷ་ཁང་གུ་རུ་དྷ་ཝར་དུ་ཕེབས་འབྱོར་སྐབས། གུ་རུ་རན་ཇི་དི་ སིང་ (Baba Ranjit Singh) མཆོག་དང་། ཉེ་འཁོར་ལྡི་ལི་དང་། ཧར་ཡ་ན། ལུ་དི་ཡ་ན།(Ludhiana) ཇ་ལན་དྷར། (Jalandhar) སོགས་ནས་ཕེབས་པའི་སིག་ཆོས་ལུགས་ཀྱི་གུ་རུ་རྣམ་པ་དང་། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་མི་མང་སྟོང་ཕྲག་གཅིག་ཙམ་གྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག་པ་དང་།

དེ་ནས་སིག་ལྷ་ཁང་དུ་མཆོད་མཇལ་ཞུས་རྗེས། འདུ་འཛོམས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་ (Baba Sri Guru Nanak Dev ji) དམ་པ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བ་དང་། གུ་རུ་ཌིབ་སིང་ (Baba Deep Singh ji) དམ་པ་མཆོག་སྐུ་འཁྲུངས་པའི་དུས་དྲན་མཛད་སྒོར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་ང་རང་དེ་རིང་བསྐལ་བཟང་གི་ཉིན་མོ་དེར་འདུ་འཛོམས་ཐོག་བཅར་རྒྱུའི་གོ་སྐབས་གནང་བར་གོ་སྒྲིག་ཞུ་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་དམ་པ་མཆོག་གིས་གཙོས་པའི་ཁོང་གི་རྗེས་འཇུག་སིག་གི་གུ་རུ་བཅུ་ཡོད་པ་ཚང་མས་སྐུ་ལས་བསྐྱོན་པར་བརྟེན་ནས་པན་ཇབ་གཙོས་པའི་འཛམ་གླིང་ཡོངས་ཁྱབ་ལ་སིག་ཆོས་ལུགས་ཀྱི་རྗེས་འཇུག་ཡོད་པ་དང་། སིག་གི་ཆོས་ལུགས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་རེད།

དེ་རིང་གུ་རུ་རྣམ་པ་གཉིས་ཀྱི་འཁྲུངས་སྐར་དང་བསྟུན། བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་སྟབས། གཙོ་བོ་ཚང་མས་གུ་རུ་རྣམ་པའི་གསུང་གི་བདུད་རྩི་རྣམས་ཉམས་ལེན་གནང་དགོས་པ་རེད། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་རྗེས་འཇུག་ཚོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་བསླབ་པ་ཐོས་བསམ་གནང་བའི་ཐོག་ཉམས་ལེན་གནང་དགོས་པའི་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར། རྣམ་པ་ཚོས་ཀྱང་སོ་སོའི་ཆོས་ལ་བསླབ་པ་ཐོས་བསམ་གནང་ནས་མི་ཚེའི་ནང་ཉམས་ལེན་གནང་དགོས་ཀྱི་རེད། རྩ་བའི་མཆོད་མཇལ་ཞུ་རྒྱུས་མཚོན། དད་གུས་བྱ་རྒྱུ་དེ་གནད་འགག་ཅིག་ཡིན་ཡང་། དེ་ལས་ལྷག་པ་དེ་སོ་སོའི་མི་ཚེའི་ནང་ཉམས་ལེན་གནང་རྒྱུ་དེ་རེད། ཁྱེད་རང་ཚོ་རང་དབང་ལུང་པའི་ནང་ཡོད་དུས། རང་དབང་ལུང་པའི་ནང་སོ་སོའི་ཆོས་ལུགས་བཟང་པོ་དེ་ཉམས་ལེན་དང་། དར་སྤེལ། གོང་སྤེལ་བྱ་རྒྱུ་ཡོད་རེད། དེ་འདྲ་སོང་ཙང་དེ་དག་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་དེའི་ཐོག་དམིགས་བསལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ཇི་སྲིད་འཇིག་རྟེན་འདི་གནས་པའི་རིང་དེ་སྲིད་གུ་རུ་ནཱ་ནག་གི་ཆོས་དེ་མི་ཉམས་རྒྱུན་འཛིན་གྱིས་གནས་དགོས་པ་དེ་རྗེས་འཇུག་པ་ཡོངས་ལ་འགན་ཡོད་པ་རེད། ང་རང་ཆ་བཞག་ན་བཙན་བྱོལ་བོད་མིའི་ཚོགས་གཙོ་གཞོན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོའི་འོག་ལ་ཡོད་པ་ཞིག་རེད། ང་ཚོའི་ལུང་པ་རྒྱ་ནག་དམར་པོས་བཙན་འཛུལ་བྱས་ནས་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཡོངས་རྫོགས་རྩ་མེད་བཟོ་བཞིན་ཡོད་ཀྱང་། ང་ཚོས་དེ་ཚོར་གདོང་ལེན་བྱས་ནས་སོ་སོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པ་སོགས་ཀྱི་གསུང་བཤད་གནང་འདུག་པ་དང་།

དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གསུམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། དམིགས་བསལ་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཧིན་ཡིག་ནང་ཡོད་པའི་ཡིག་ཆ་སོགས་ཕུལ་གནང་ཡོད་པ་དང་། དེ་བཞིན་འདུ་འཛོམས་ཐོག་ཕེབས་པའི་མི་མང་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་བཀྲམ་གནང་འདུག འདུ་འཛོམས་མཛད་སྒོ་གྲུབ་མཚམས་དུས་དྲན་མཛད་སྒོའི་ཐོག་ཕེབས་པའི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་སྣེ་འཁྲིད་དེ་ཆོས་ཕྱོགས་ཀྱི་གོམ་བགྲོད་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །

 

Menu