དཔལ་ལྡན་ཚོགས་གཞོན་མཆོག་གིས་པ་ལམ་པུར་རོ་ཊེ་རི་ཚོགས་པའི་འགན་འཛིན་མཆོག་གིས་གཙོས་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༥ ཉིན་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་པ་ལམ་པུར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རོ་ཊེ་རི་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་ (Rotary Club Palampur) འགན་འཛིན་སྐུ་ཞབས་སུ་ནིལ་ ནག་པལ་ (Sunil Nagpal,District Governor) ལགས་དང་།  པ་ལམ་པུར་རྟེན་གཞི་བྱས་པའི་རོ་ཊེ་རི་ཚོགས་པའི་མིག་གི་སྨན་བཅོས་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ར་གྷབ་ ཤར་མ་ (Raghav Sharma,General Manager,Palampur Rotary Eye Foundation) ལགས་གཉིས་ཀྱིས་གཙོས་ཚོགས་པའི་ཚོགས་མི་ཁག་ཅིག་བདེ་ལེགས་སྨན་ཁང་ནས་གོ་སྒྲིག་ཞུས་པའི་མིག་གཤག་བཅོས་ཀྱི་ལས་རིམ་ཐོག་ཕེབས་པ་དང་བསྟུན། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་ཁག་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད། བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་རང་ལོ་ ༡༥ ནས་ ༦༤ བར་ཁྱོན་མི་གྲངས་ ༡༥༤ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཇི་ལྟར་ཐོབ་ཀྱི་ཡོད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བཙན་བྱོལ་བོད་མིའི་གྲོས་ཚོགས་དང་། རྒྱ་གར་གྱིས་གཙོས་པའི་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་གི་གྲོས་གཞིའི་ཁྱད་པར་སོགས་ཀྱི་ཐོག་ངོ་སྤྲོད་གནང་བ་དང་། པ་ལམ་པུར་རོ་ཊེ་རི་ཚོགས་པའི་འགན་འཛིན་སྐུ་ཞབས་སུ་ནིལ་ ནག་པལ་ལགས་ཀྱིས་རྗེས་ལོའི་ཕྱི་ཟླ་ ༣ པའི་ནང་རོ་ཊེ་རི་ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ཡོངས་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གསུང་བཤད་གནང་རྒྱུར་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་སོང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་ཧིན་དིའི་ཐོག་བསྒྱུར་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་དཔེ་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཡིག་ཆ་ཁག་ཅིག་ཕུལ་གནང་ཡོད་པ་བཅས། །

 

Menu