དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྷ་རོ་ཌ་མཐོ་སློབ་ཀྱི་སྤྱི་ཚོགས་ཞབས་ཞུའི་སློབ་གཉེར་བ་ཁག་ཅིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་སོགས་ངོ་སྤྲོད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་སྣེ་འཁྲིད་འོག་རྒྱ་གར་ནུབ་ཕྱོགས་གུ་ཇི་ར་ཏའི་གྲོང་ཁྱེར་ཝ་དོ་ད་རའི་ནང་རྟེན་གཞི་བྱས་པའི་བྷ་རོ་ཌ་མཐོ་སློབ་ (Maharaja sayajirao university of baroda) ཀྱི་སྤྱི་ཚོགས་ཞབས་ཞུའི་ཐོག་ལོ་རིམ་གསུམ་པའི་ནང་སློབ་གཉེར་གནང་མཁན་གྲངས་ ༥༡ དང་། སློབ་དཔོན་ ༢ བཅས་ཁྱོན་མི་གྲངས་ ༥༣ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་བོད་པའི་འཐབ་རྩོད་ཇི་ལྟར་རྒྱུན་སྐྱོང་བྱེད་དགོས་མིན་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཇི་ལྟར་ཁྱབ་སྤེལ་བྱེད་དགོས་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཇི་ལྟར་གནང་དགོས་པ་སོགས་ཀྱི་བགློ་གླེང་གནང་གི་ཡོད་པ་དང་། རྒྱ་གར་གྲོས་ཚོགས་ནང་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཕྱི་སྲིད་སྲིད་བྱུས་སོགས་ཀྱི་སྐོར་བགྲོ་གླེང་གནང་གི་ཡོད་པ་སོགས་བཙན་བྱོལ་བོད་མིའི་གྲོས་ཚོགས་དང་། རྒྱ་གར་གྱིས་གཙོས་པའི་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་གི་གྲོས་གཞིའི་ཁྱད་པར།  བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་གནང་བཞིན་ཡོད་སྐོར།  བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་རང་ལོ་ ༡༥ ནས་ ༦༤ བར་ཁྱོན་མི་གྲངས་ ༡༥༤ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བ། རྒྱ་ནག་གཞུང་གིས་བོད་ཡུལ་འདི་ཉིད་རྒྱ་ནག་དམར་པོའི་འོག་གཡུལ་ས་ (War Zone) ལྟ་བུར་བཟོ་བཞིན་ཡོད་པ་དེས་བོད་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཁ་ཆེན་པོ་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཁག་བདུན་གྱི་ངོ་སྤྲོད་སྙིང་བསྡུས་དང་། ཉེ་ཆར་བཞུགས་སྒར་རྡ་སར་འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཅས་ཀྱི་སྐོར་གསུངས་པ་དང་། དེ་བཞིན་སློབ་ཕྲུག་རྣམ་པས་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་སྟེ་སོ་སོའི་ཤེས་ཡོན་གོ་རྟོགས་འཕེལ་རྒྱས་གཏོང་དགོས་པ་དང་། སོ་སོའི་སྤྱི་ཚོགས་ནང་ཡོད་པའི་དཀའ་ངལ་ཅན་རྣམས་ལ་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། སྐབས་དེར་ཁོང་རྣམས་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཐོ་སློབ་ཀྱི་སློབ་དཔོན་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཕུལ་གནང་ཡོད་པ་བཅས། །

Menu