དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོའི་ལས་ཁུངས་ཀྱིས་དུས་ཚོད་སྔོན་ནས་གནང་དོན་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་འཚོགས་ཡུལ་རྡ་སའི་ཉེ་འཁྲིས་ཊ་པོ་ཝན་ (Tapovan) ས་ཁུལ་དུ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་ (Dr.Rajeev Bindal,the Speaker of Himachal Pradesh Vidhan Sabha) མཆོག་དང་། གྲོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་བཅས་རྣམ་གཉིས་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། ད་ལྟའི་བོད་དོན་དང་འབྲེལ་བའི་གནད་དོན་ཁག་སྙན་སེང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབོད་སྐུལ་སྙན་ཞུ་ཞིག་ཕུལ་གནང་འདུག་པ་དང་། མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་དཔལ་ལྡན་ཚོགས་གཞོན་མཆོག་ལ་བོད་དོན་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏང་གནང་འདུག་པ་བཅས། །