༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ ཉིན་ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༡༥ འཁོར་བའི་དུས་ཆེན་མཛད་སྒོ་སྲུང་རྩི་དང་བསྟུན། དེ་གའི་སློབ་གྲྭའི་ནང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དུ་ལྷ་གཞུང་གཟུགས་ཀྱི་ཉི་མའི་རྣམ་ཐར་གཟིགས་འབུལ་ཞུས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། གཞན་སྐུ་མགྲོན་དུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་དང་། ཤེས་ཡོན་ངེས་སྟོན་པ། སྦིར་སྡེ་ནང་གསུམ་གྱི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་དང་ཚོགས་མི་རྣམ་པ། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་རྣམ་པ། བོད་ཁྱིམ་ཁག་གི་འགན་འཛིན་ཟུར་པ། དགོན་སྡེ་ཁག་གི་སྐུ་ཚབ། ཅོནཏཱ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་རྣམ་པ་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་སོང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་དོན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་ ༡༩༨༠ བར་ལོ་ངོ་ཉི་ཤུ་ཙམ་རིང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་དང་། རྒྱ་གར་གཞུང་གི་མཐུན་འགྱུར་འོག་བོད་ནས་བཙན་བྱོལ་དུ་ཕེབས་པ་ཚོར་གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ། རིག་གཞུང་བསྟི་གནས་ཁང་སོགས་གསར་འཛུགས་གནང་སྟེ། གང་ལྟར་ལོ་དེ་དག་རིང་སློབ་གྲྭ་གསར་འཛུགས་གནང་དགོས་པ་ཚང་མ་གསར་འཛུགས་གནང་བ་རེད། དེ་ནས་ཕྱི་ལོ་ ༡༩༨༠ ནས་ ༢༠༠༠ བར་ལོ་ངོ་ ༢༠ ཙམ་རིང་བཙན་བྱོལ་བོད་མིའི་གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་ཁག་བཅས་ཚགས་ཚུད་དང་། ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐོག་དུས་ཚོད་བཏང་བ་དང་། གཙོ་བོ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག ལས་ཀྱི་སྣེ་མོ་བ་ཚོས་དེ་ལྟར་ལག་ལེན་བསྟར་གནང་ཡོད་ཅིང་། བོད་ཁྱིམ་སློབ་གྲྭ་ལྟ་བུར་ཆ་བཞག་ན། ༧སྐུའི་གཅེན་མོ་ཞིང་གཤེགས་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་། ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་རིམ་པས་འགན་བཞེས་ཏེ། བོད་ཁྱིམ་སློབ་གྲྭ་རྒྱ་བསྐྱེད་ཀྱིས་ཡན་ལག་མང་དུ་ཕྱིན་ཡོད། ལོ་དེ་དག་རིང་སློབ་གྲྭ་ཁག་ཚང་མ་སྲ་བརྟན་ལྟ་བུ་ཆགས་ཡོད། ཕྱི་ལོ་ ༢༠༠༠ ནས་ད་བར་ལོ་ངོ་ ༡༩ རིང་བཙན་བྱོལ་ནང་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་ཚད་ལོན་གྱི་མེད་སྟབས། སློབ་གྲྭ་ཟླ་བསྒྲིལ་དང་། ཉུང་དུ་གཏོང་དགོས་ཀྱི་རེད་ཟེར་བའི་སྐད་ཆ་ཞིག་སླེབས་ཡོད། གང་ལྟར་ད་ལྟ་ཡར་རྒྱས་ཀྱི་རིམ་པ་ཚད་མཐོན་པོར་སླེབས་ནས་གནས་བབ་དེ་འདྲ་ཞིག་ཆགས་ཡོད།
སྦིར་སྡེ་ནང་གསུམ་གྱི་ནང་ཐོག་མར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་དམའ་རིམ་སློབ་གྲྭ་ཞིག་མ་གཏོགས་མེད་པ་དང་། སྐབས་དེ་དུས་སྦིར་སྡེ་ནང་གསུམ་དང་། བཀྲ་ཤིས་ལྗོངས་ཀྱི་ཕྲུ་གུ་རྣམས་སྤོན་ཊ་དང་། ཌལ་ཧོར། སིམ་ལ་སོགས་ཀྱི་སློབ་གྲྭར་བཏང་གི་ཡོད། ཕྱིས་སུ་དེའི་ཁུལ་དུ་བོད་ནས་ཕེབས་པ་ཚོར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ཞེས་པའི་སློབ་གྲྭ་ཆེ་བ་གཅིག་བཙུགས་གནང་བ་དང་། རིམ་པས་ས་ཁུལ་ནང་སློབ་གྲྭ་ཇེ་མང་དུ་སོང་བ་རེད། ཅོན་ཏཱ་ར་སློབ་གྲྭར་ཆ་བཞག་ན། ལོ་རྒྱུས་ཐོག་པ་ཏི་ཀུལ་སློབ་གྲྭ་གནས་སྤོས་བྱས་ནས་འདིར་གསར་འཛུགས་ཀྱི་ངོ་བོའི་ཐོག་ནས་མིང་བསྒྱུར་བ་ལྟ་བུ་ཞིག་རེད། བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ག་རེ་གསུང་གནང་གི་རེད་ཟེར་ན། རྒན་པ་ཚོ་གཏམ་བཤད་གནང་སའི་ཡུལ་ལ་ཡོད་ན་དཔང་པོ་དང་། བར་མ་ཚོར་དྲན་བསྐུལ། བློ་གསར་གཞོན་སྐྱེས་ཚོར་ལོ་རྒྱུས་གསར་པ་ཞིག་ཆགས་ཀྱི་རེད་ཅེས་གསུང་གནང་གི་རེད། བྱས་ཙང་དེ་རིང་རྗེས་དྲན་ཞུ་རྒྱུ་དེ་ཉིན་མ་གཅིག་རང་སྲུང་རྩིའི་ངོ་བོ་ཞིག་མ་ཡིན་པར། འདས་པའི་རྒྱབ་ལྗོངས་ལོ་རྒྱུས་དེ་སླར་ཡང་དྲན་བསྐུལ་བྱེད་དགོས་པ་དང་། གཞོན་སྐྱེས་ཚོར་དེ་འདྲ་ཞིག་བྱུང་བ་རེད་ཅེས་མཁྱེན་རྟོགས་ཆེད་ངས་མདོར་ཙམ་བཤད་པ་ཡིན།
ད་ལྟ་ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་ནང་སློབ་ཕྲུག་ ༧༠༠ ལྷག་ཡོད་པ་མ་ཟད། ཕོ་མོའི་གྲངས་ཚད་འདྲ་མཉམ་ཡོད་གསུངས་པ་ཡག་པོ་ཞེ་དྲག་རེད། སྤྱིར་བཏང་སློབ་གྲྭ་ཁག་གི་ནང་བོད་པའི་སློབ་ཕྲུག་ཉུང་དུ་འགྲོ་གི་འདུག་ཟེར་ནས་གསུང་སྐད་ཤོར་གྱི་ཡོད་པ་དང་། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་། ཆོས་དང་། རིག་གཞུང་གོམས་གཤིས། བླ་མ་དང་བཅས་པ་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་སློབ་ཕྲུག་གང་མང་ལ་མཐུན་རྐྱེན་སྦྱོར་བཞིན་ཡོད།
དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབུ་འཛུགས་ཏེ་རིམ་པས་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་ད་བར་མི་ལོ་གང་ཙམ་འགྲོ་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པའི་དོན་ཚན་བཅུ་བདུན་པ། ཤེས་ཡོན་དང་རིག་གཞུང་ཞེས་པ་དེ་ང་ཚོའི་ཆོས་དང་། རིག་གཞུང་ཇི་ལྟར་སྲུང་སྐྱོབ་གནང་དགོས་མིན་ཐོག་རེད། ཆ་རྐྱེན་དེའི་འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཡོན་སྲིད་བྱུས་ཡིག་ཐོག་གཏན་འབེབས་གནང་ཡོད་པ་དང་། གཏན་འབེབས་གནང་བ་གཞིར་བཟུང་འགྲོ་ཐུབ་དགོས་པ་དེ་གནད་འགག་ཅིག་ཆགས་ཀྱི་ཡོད། ༧གོང་ས་མཆོག་གི་དགོངས་གཞི་དང་། རྒྱ་གར་སྲིད་བློན་དང་པོ་ནེ་རུའི་བཀའ་དྲིན་འོག་ང་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་དགེའམ་ལྟ་གྲུབ་དགེ་རྒན་དང་། རིག་གཞུང་ངམ་ཟློས་གར་དགེ་རྒན་ཡོད་པ་དང་། གཞན་གནས་ཚང་རྒྱ་གར་གྱི་སྤྱི་སྒེར་གཉིས་ཀྱི་སློབ་གྲྭ་ཁག་གི་ནང་དེ་ལྟ་བུ་རྩ་བ་ནས་མེད། ང་ཚོའི་སློབ་ཕྲུག་རྣམས་སློབ་གྲྭ་ཐོན་ཚར་བའི་རྗེས། མཐོ་སློབ་འགྲིམ་བཞིན་པའི་སྐབས་དང་། ཡང་ན་ལས་ཀ་བྱེད་བཞིན་པའི་སྐབས་སུ་ཆོས་ཉམས་ལེན་གནང་ཆོག་ཆོག་དང་། འདོན་པ་འདོན་ཆོག་ཆོག དཀོན་མཆོག་གསུམ་གྱི་སྐོར་འགྲེལ་བཤད་བརྒྱབ་ཆོག་ཆོག བཟང་སྤྱོད་ཀྱི་གོམས་གཤིས་ཡོད་པ། དེ་བཞིན་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུས་ཆོག་ཆོག་ཡོད་པ་རེད།
གཞན་ཡང་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་གནང་རྒྱུ་དེ་འགྲན་བསྡུར་དང་། ཡིག་རྒྱུགས་གཅིག་པུར་ཨང་རིམ་མཐོ་པོ་ཐོབ་པར་དགའ་སྤོབས་བྱས་ནས་སྡོད་རྒྱུ་ཙམ་མ་ཡིན་པར། ནམ་ཤག་རྒྱུན་དུ་སོ་སོའི་རིག་པ་བེད་སྤྱད་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ནང་ཐོག་མར་ཕེབས་མཁན་གྱི་མི་ཐོག་དང་པོ་དེ་རྫོགས་ཚར་བ་ལྟ་བུ་རེད། མི་ཐོག་གཉིས་པ་དེ་དེང་སང་དགུང་ལོ་ ༦༠ ལྷག་ཕེབས་ནས་ཧ་ལམ་རྒན་ཡོལ་ལ་བཞུགས་ཡོད་རེད། ད་ལྟ་འདིར་སྣེ་འཁྲིད་མཁན་རྣམས་མི་ཐོག་གསུམ་པ་ཆགས་ཀྱི་ཡོད། རྣམ་པ་ཚོ་མི་ཐོག་བཞི་པ་རེད། བོད་ནང་ཡོད་པའི་ཕྲུ་གུ་རང་ལོ་ ༡༥ ཚུན་ཆད་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་སྐུ་ལུས་མེར་བསྲེགས་ཕུལ་བཞིན་ཡོད། བྱས་ཙང་རྣམ་པ་ཚོ་མི་ཐོག་བཞི་པ་ཚོས་སོ་སོའི་དུས་ཚོད་ཆུད་ཟོས་སུ་མི་གཏང་བར་སློབ་སྦྱོང་ལ་འབད་བརྩོན་གནང་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་སོགས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཞབས་ལོ་ ༢༠ དང་ ༢༥ སོན་པ་རྣམས་ལ་ཕྱག་འཁྱེར་དང་། དེ་ནས་གཟུགས་ཀྱི་ཉི་མའི་ལྷ་གཞུང་རྣམ་ཐར་གཟིགས་འབུལ་ཞུས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་མཆོག་གིས་འཚམས་འདྲིའི་གསུང་བཤད་དང་། སློབ་གྲྭའི་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །