དཔལ་ལྡན་ཚོགས་གཞོན་མཆོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཟུར་པ་རྒན་བསོད་ནམས་སྲིད་ཆོས་ལགས་སུ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོའི་ཐོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༦ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཐུན་མོང་ནས་སློབ་གྲྭའི་སློབ་སྤྱི་ཟུར་པ་རྒན་བསོད་ནམས་སྲིད་ཆོས་ལགས་སུ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་ཕུལ་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་སྦིར་གཞིས་ཆགས་ཉེ་འདབས་སུ་ཆགས་པའི་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་སུ་ཇཱ་བོད་ཁྱིམ་སློབ་སྤྱི་ཟུར་པ་རྒན་བསོད་ནམས་སྲིད་ཆོས་ལགས་སུ་སློབ་ཟུར་ཐུན་མོང་ནས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་མཛད་སྒོ་ཞིག་འཚོགས་ཤིང་། སྐབས་དེའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག གཞན་ཡང་སུ་ཇཱ་སློབ་གྲྭའི་སློབ་སྤྱི་ཟུར་པ་རྒན་བསོད་ནམས་སྲིད་ཆོས་ལགས། སློབ་གྲྭའི་དབུ་འཛིན་རྒན་རྣམ་གྲོལ་བཀྲ་ཤིས་ལགས། སློབ་གྲྭའི་སློབ་ཟུར་དང་ལས་བྱེད། སློབ་ཕྲུག་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་སོང་།

མཛད་སྒོའི་ཐོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཟུར་པ་རྒན་བསོད་ནམས་སྲིད་ཆོས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་རྒན་བསོད་ནམས་སྲིད་ཆོས་ལགས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཞབས་ལོ་རྒན་གྲས་ཁག་ཅིག་ལ་ཕྱག་རྟགས་ཕུལ་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་སུ་ཇཱ་སློབ་གྲྭའི་དགེ་རྒན་རྙིང་པ་མང་པོ་ཞིག་མཇལ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲག་བྱུང་། བོད་ཁྱིམ་སློབ་གྲྭ་ཆ་བཞག་པ་ཡིན་ན། ཐོག་མར་ཕྱི་ལོ་ ༡༩༦༠ ལོར་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སློབ་ལམ་སྟོན་འོག་༧སྐུའི་གཅེན་མོ་ཞིང་གཤེགས་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་དབུ་འཁྲིད་གནང་བ་དང་། དེ་རྗེས་༧སྐུའི་གཅུང་མོ་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་ཏེ་ཡར་རྒྱས་བྱུང་བ་ཞིག་རེད། སུ་ཇཱ་སློབ་གྲྭ་འགོ་འཛུགས་པ་ནས་ད་བར་སློབ་གྲྭའི་ནང་འགྱུར་ལྡོག་གང་ཕྱིན་པ་དང་། ཡར་རྒྱས་ཚགས་ཚུད་གང་བྱུང་བ་དེ་དག་ཚང་མ་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་བར་སུ་ཇཱ་སློབ་གྲྭའི་ནང་འགན་འཛིན་ལས་ཐོག་བརྩིས་ན་འགན་འཛིན་བདུན་དང་། དགེ་རྒན་ཟུར་པ་མང་པོ་ཞིག་བྱུང་བསྡད་ཡོད་རེད། ཐོག་མར་སུ་ཇཱ་སློབ་གྲྭ་དེ་བཀའ་ཤག་འོག་ལ་ཐད་ཀར་འཛིན་སྐྱོང་གནང་གི་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༡༩༩༠ ལོར་བོད་ཁྱིམ་སློབ་གྲྭས་རྩིས་བཞེས་གནང་སྟེ། ཧ་ལམ་ལོ་ངོ་ ༣༠ འཁོར་འགྲོ་གི་ཡོད། ཕྱི་ལོ་ ༡༩༩༤ སྔོན་ལ་སུ་ཇཱ་སློབ་གྲྭའི་ནང་ (Open School) དང་། ཨིན་ཇི་བོད་ཡིག་མཉམ་དུ་སྦྱོང་མཁན། ཨིན་ཇི་རྐྱང་པ་སྦྱོང་མཁན། བོད་ཡིག་རྐྱང་རྐྱང་སྦྱོང་མཁན་བཅས་འཛིན་གྲྭ་མི་འདྲ་བ་བཞིའི་ནང་སློབ་སྦྱོང་གནང་གི་ཡོད་པ་དང་། ཕྱིས་སུ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ལྷན་ཚོགས་དང་། སྐབས་དེའི་སློབ་སྤྱི་དང་འབྲེལ་ལས་བཅས་བཀའ་བསྡུར་བྱུང་བ་གཞིར་བཟུང་བོད་ཁྱིམ་སློབ་གྲྭ་སྤྱི་ཡོངས་ལྟར། ཕྱི་ལོ་ ༡༩༩༥ ལོར་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་འགོ་བཙུགས་གནང་བ་དང་། འཛིན་རིམ་ལྔ་པ་དང་བརྒྱད་པ་གཉིས་བོད་ཁྱིམ་ནང་ཁུལ་ཡིག་རྒྱུགས་ནང་ཞུགས་དགོས་པ་ལྟར། དགེ་སློབ་ཚང་མས་དཀའ་ལས་བརྒྱབ་པར་བརྟེན་འཛིན་རིམ་གཉིས་ཀར་བོད་ཁྱིམ་སྤྱི་ཡོངས་ནང་ནས་ཨང་རིམ་དང་པོ་ཐོབ་པ་རེད། དེ་བཞིན་གཞས་སྣ་འཁྲབ་སྟོན་དང་། རྩེད་རིགས་འགྲན་བསྡུར་སོགས་ནང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམ་པ་ཚང་མས་སྐུ་ལས་བསྐྱོན་པར་བརྟེན་ནས་ཨང་རིམ་རྩེར་སོན་བྱུང་ཡོད།

རྒན་བསོད་ནམས་སྲིད་ཆོས་ལགས་ལ་ཆ་བཞག་ན། རྡ་སྟེང་བོད་ཁྱིམ་སློབ་གྲྭར་ལོ་ངོ་ ༡༡ ཙམ་གྱི་རིང་ཕྱག་ལས་གནང་བ་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭར་དགེ་ཆེ་དང་། སློབ་སྤྱི། ངེས་སྟོན་པ་བཅས་ཐེག་པ་རིམ་འཛེགས་ཀྱིས་ཕྱག་ལས་མུ་མཐུད་དེ་ལས་གནས་གསུམ་གྱི་ཐོག་བསྟུད་མར་གནང་ནས་ལོ་ངོ་ ༢༠ ལྷག་ཞབས་ཕྱི་ཞུས་པ་ཞིག་ཡིན་སྟབས། དེ་རིང་རྣམ་པ་ཚོས་གཟེངས་རྟགས་འབུལ་གྱི་ཡོད་ཙང་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་དེ་ནས་ཐོན་པའི་སློབ་ཕྲུག་ནང་མཐོ་ས་སྤྱི་འཐུས་དང་། བོད་མིའི་སྒྲིག་འཛུགས་ནང་ཟུང་དྲུང་ཐོག་ཕྱག་ལས་གནང་མཁན། གཞན་བོད་ཀྱི་ཟློས་གར་དང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་། སྨན་རྩིས་ཁང་། རླུང་འཕྲིན་ཁང་ལ་སོགས་ནང་ཕྱག་ལས་གནང་བཞིན་ཡོད་པ་དང་། དེ་དག་ཚང་མ་སློབ་གྲྭའི་ནང་དགེ་རྒན་དང་ལས་བྱེད་རྣམ་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོ་ཝ་ར་ཎ་སིར་བསྡད་པའི་སྐབས་ང་ཚོའི་དགེ་བའི་བཤེས་གཉེན་མཁས་དབང་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཡོང་གི་རེད། སྐབས་དེ་དུས་རིན་པོ་ཆེ་མཆོག་ཕྱིར་ཕེབས་སྐབས། ཝར་ཎ་གཙུག་ལག་སློབ་གཉེར་ཁང་དང་།     ཌལ་ཧོར།(Dalhousie) སིམ་ལ་སློབ་ཕྲུག་ཟུར་པ་མང་པོ་ཞིག་ཕྱིའི་སྤྱི་ཚོགས་སྣ་ཚོགས་ནང་ཕྱག་ལས་གནང་བཞིན་པ་མཇལ་རྒྱུ་མང་པོ་ཡོད་དུས། སོ་སོའི་སློབ་ཟུར་དེ་རྣམས་གཟེངས་སུ་ཐོན་པ་མཇལ་རྒྱུ་ཡོད་པ་དེ་རང་བཞིན་གྱི་དགའ་བ་སྐྱེ་དགོས་པ་ཞིག་དང་། དགེ་རྒན་སོ་སོའི་ངོས་ནས་སྤྲོ་བ་སྐྱེ་འོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རིན་པོ་ཆེ་མཆོག་གིས་ཕྱིའི་མི་རིགས་ཀྱི་དགེ་རྒན་ཞིག་གི་ལོ་རྒྱུས་དཔེ་མཚོན་དང་བཅས་གསུངས་གནང་སོང་། བྱས་ཙང་དེ་རིང་འདིར་དགེ་ཕྲུག་སློབ་ཟུར་ཚོས་རྒན་ལགས་ལ་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུའི་དགོངས་པ་འཁོར་བ་དེ་ཞེ་དྲག་ཡག་པོ་རེད། ཡིན་ནའང་རྒན་ལགས་ལ་གཟེངས་རྟགས་ཕུལ་བ་ཙམ་མ་ཟད། རྒན་ལགས་ཀྱིས་སྐུ་ཚེ་ཧྲིལ་པོའི་ནང་ཕྱག་ལས་གང་གནང་བར་དམིགས་དཔེ་བལྟ་དགོས་པ་དང་། བཀའ་སློབ་གང་གནང་བ་དེ་གཟེངས་རྟགས་འབུལ་མཁན་སོ་སོའི་མི་ཚེའི་ནང་འཇགས་ཐུབ་དགོས་ཀྱི་ཡོད་རེད།

ད་ལྟ་བོད་པའི་འཐབ་རྩོད་ཐོག་དོ་སྣང་བྱེད་མཁན་མང་དུ་འགྲོ་གི་ཡོད་པ་དང་། ལྷག་པར་༧གོང་ས་མཆོག་མཇལ་མཁན་ཡང་མང་དུ་འགྲོ་གི་ཡོད་རེད། དེའི་ནང་ནས་བརྒྱ་ཆ་བདུན་ཅུ་བརྒལ་བ་ཕྱིའི་ཉམས་ཞིབ་གནང་བསྡད་མཁན་གྱི་སློབ་ཕྲུག་རྐྱང་རྐྱང་རེད། བོད་ནང་ཆ་བཞག་ན། བོད་མི་རྒན་གཞོན་དབྱེར་མེད་ཀྱིས་༧གོང་ས་མཆོག་བོད་ལ་གང་མགྱོགས་ཕྱིར་ཕེབས་དང་། བོད་ཀྱི་རིག་གཞུང་དང་ཁོར་ཡུག་ལ་སོགས་སྲུང་སྐྱོབ་ཆེད་རང་ལུས་མེར་བསྲེགས་ཕུལ་བཞིན་ཡོད། སྔོན་མ་ང་ཚོ་སུ་ཇཱ་སློབ་གྲྭ་དེ་གཞིས་བྱེས་གཉིས་ཀྱི་ཟམ་པ་ཡིན་ཞེས་གསུངས་ཀྱི་ཡོད་པ་དང་། དེ་དུས་བོད་ནས་ཡོང་མཁན་རྐྱང་རྐྱང་སློབ་འཇུག་བྱེད་ཀྱི་རེད། ཕྱི་ལོ་ ༡༩༩༠ ལོར་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་ཏེ་འདས་གྲོངས་སུ་ཕྱིན་པ་ཆབ་སྲིད་བཙོན་པ་དཔའ་བོ་ལྷག་པ་ཚེ་རིང་ལགས་དང་མཉམ་དུ་བཙོན་ཁང་ནང་ཚུད་མྱོང་མཁན་དེ་འདྲའང་སློབ་གྲྭ་འདིའི་ནང་སློབ་སྦྱོང་གནང་མྱོང་ཡོད། ད་ལྟ་བཙན་བྱོལ་ནང་མི་ཐོག་གསུམ་པས་བོད་ཀྱི་འཐབ་རྩོད་སྣེ་འཁྲིད་བཞིན་ཡོད་པ་དང་། ད་ལྟ་ཕྱག་ལས་གནང་མཁན་བརྒྱ་ཆ་ ༦༠ ཙམ་མི་ཐོག་བཞི་པ་ཆགས་ཀྱི་ཡོད་རེད། སློབ་ཕྲུག་ཁྱེད་ཚོ་མི་ཐོག་ལྔ་པ་ཆགས་ཀྱི་ཡོད་པ་དང་། བྱས་ཙང་ཁྱེད་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་གིས་ང་ཚོར་ཐུགས་རེ་དང་ཡིད་ཆེས་ཡོད་པ་དེ་སེམས་ལ་བཅངས་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་རྒན་རྣམ་གྲོལ་བཀྲ་ཤིས་ལགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས། །

 

 

 

Menu