དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་ནང་གི་གདོད་མའི་སློབ་གྲྭ་ཞིག་གི་ཚོགས་གཙོ་དང་ལས་བྱེད་གཅིག་བཅས་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཙམ་གྱི་ཐོག་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་ཨ་རིའི་ནིའུ་མེཀ་སི་ཀོ་ (New Mexico) རུ་རྟེན་གཞི་བྱས་པའི་གདོད་མའི་མི་རིགས་ཀྱི་སློབ་གྲྭ་ (Santa Fe Indian School) ཞེས་པའི་ཚོགས་གཙོ་སྐུ་ཞབས་རེ་མུན་ཌི་ ཨ་གུ་ལར། (Mr. Raymond Aguilar, Jr., President, Santa Fe Indian School Board of Trustees) མཆོག་དང་། སྐུ་ཞབས་ཝི་ལམ་ པ་ཆི་ཀོ་ (Mr. William Pacheco, Organizer, Santa Fe Indian School International Cultural Experiences) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་ནག་དམར་པོའི་གཞུང་གི་འགོ་འཁྲིད་རིམ་པའི་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་རྩ་མེད་ཇི་ལྟར་གཏོང་རྒྱུའི་སྲིད་བྱུས་བཟུང་བའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་གྲངས་ལས་འདས་པ་གཏོར་བཤིག་བཏང་བ་སོགས་ཀྱི་སྐོར་དང་།  བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་ཁག་དང་། བོད་ཀྱི་ཟློས་གར་ཚོགས་པ། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། བོད་ཀྱི་དཔེ་མཛོད་ཁང་ལ་སོགས་གསར་འཛུགས་གནང་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་ཇི་ལྟར་ཉམས་པ་སླར་གསོ་གནང་བའི་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་དང་། ལྷག་པར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བའི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པའི་ལས་དོན་གནང་ཕྱོགས། སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆེད་ཕེབས་ཀྱིས་ཆབ་སྲིད་མི་སྣ་དང་། སྲིད་བྱུས་སློབ་སྟོན་པ། (Think tank) མི་མང་ལ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ། ཉེ་ཆར་འཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་བཞག་པའི་གྲོས་ཆོད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཞག་པའི་རི་ག་སྤྱི་བསྒྲགས་ (Riga Declaration)  དང་། རི་ག་ལག་བསྟར་འཆར་གཞི་ (Riga Action Plan) སོགས་ཀྱི་ཐོག་གསུངས་གནང་ཡོད་པ་དང་།

སྐུ་ཞབས་ཁོང་རྣམ་གཉིས་ནས་ཕྱི་ཚེས་ ༢༣ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ་རིག་གཞུང་འཁྲབ་སྟོན་ལ་སོགས་གཟིགས་སྐབས་སོ་སོའི་ཡུལ་ལ་སླེབས་པའི་ཚོར་སྣང་བྱུང་སྐོར་དང་། བོད་དང་ཁོང་རྣམ་པའི་རིག་གཞུང་འདྲ་པོ་ཡོད་ལུགས། འབྱུང་འགྱུར་ཨ་རིའི་གདོད་མའི་མི་རིགས་ཀྱི་སློབ་གྲྭ་དང་བོད་པའི་སློབ་གྲྭའི་དབར་རིག་གཞུང་གོ་རྟོགས་སྤེལ་རིས་ཀྱི་ལས་གཞི་བང་བསྒྲིག་ཐུབ་ན་དགེ་མཚན་ཆེ་སྐོར་སོགས་གསུངས་གནང་བ་མ་ཟད། དཔལ་ལྡན་ཚོགས་གཞོན་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གོ་རྟོགས་གང་ལེགས་སྤེལ་བར་ཚོར་བ་ཆེན་པོ་བྱུང་ཞེས་དང་། བོད་ཀྱི་རྩ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་བ་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །

 

 

 

Menu