དཔལ་ལྡན་ཚོགས་གཞོན་མཆོག་མང་གཙོའི་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་དཔའ་བོ་གཉིས་ཀྱི་རྗེས་དྲན་མཛད་སྒོའི་ཐོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Constitution Club) ཞེས་པའི་ཚོགས་ཁང་དུ་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་གཤེགས་དམ་པ་ཇོར་ཇ་ ཕར་ནན་ཌེས་ (George Fernandes) མཆོག་དང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་སྤྱི་འཐུས་ཚོགས་ཟུར་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་རྣམ་གཉིས་ཀྱིས་རང་དབང་དང་མང་གཙོ། འདྲ་མཉམ་གྱི་ཐོབ་ཐང་ཆེད་སྐུ་ཚེ་ཧྲིལ་པོའི་རིང་འཐབ་རྩོད་གནང་བར་དཔའ་བོའི་མཚན་གནས་ཐོག་ནས་རྗེས་དྲན་ཞུས་གནང་ཡོད་འདུག

དེ་ཡང་མཛད་སྒོའི་ཐོག་མར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་སྐུ་མགྲོན་རྣམས་ཀྱིས་རིམ་པས་གསུང་བཤད་གནང་བ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་རྣམ་གཉིས་ཀྱི་རྗེས་དྲན་གོ་སྒྲིག་ཞུ་མཁན་རྣམས་ལ་བསྔགས་བརྗོད་དང་། ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཞུས་རྗེས། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་དམ་པ་ཁོང་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཡོད་སྐོར་དང་། སྐུ་ཞབས་དམ་པ་ཇོར་ཇ་ ཕར་ནན་ཌེས་མཆོག་ནི་བོད་ཀྱི་གནད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་ཕྱི་ལོ་ ༡༩༩༠ ནང་སྐུ་ཞབས་ཁོང་གིས་སྣེ་འཁྲིད་འོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་སར་ཕེབས་པ་དང་། དེ་རྗེས་དམ་པ་ཁོང་གིས་སྣེ་འཁྲིད་ལམ་སྟོན་འོག་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་གནང་ཐུབ་པ། དེ་བཞིན་སྐུ་ཞབས་ཁོང་གིས་སྣེ་འཁྲིད་འོག་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་དང་། སྲིད་དོན་ཚོགས་པ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༡༠ ཙམ་བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༤༨ པའི་ཐོག་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་དུ་ཕེབས་ཡོད་པ། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་འཚོགས་སྐབས་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ནས་རྰ་ཇ་གྷ་ཌ་ (Rajghat) ནས་ཇན་ཏྲར་མན་ཏྲར་ (Jantar Mantar) བར་ཞི་བའི་གོམ་འགྲོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་སྐབས་སྐུ་ཞབས་དམ་པ་ཁོང་ནས་མཉམ་ཞུགས་གནང་ཡོད་སྐོར་སོགས་གསུངས་གནང་འདུག་པ་དང་། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་ཟུར་དང་། བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་རྩ་དོན་ཐོག་བཏང་གནང་ཡོད་སྐོར་དང་། ཐོག་མར་རྒྱ་རི་རིན་པོ་ཆེ་མཆོག་གིས་རྡོར་གླིང་དུ་ཨིན་བོད་གཉིས་ཀྱི་གསར་ཤོག་གི་རྩོམ་སྒྲིག་པའི་ཐུགས་འགན་བཞེས་པ་དང་། དེ་ནས་བཙན་བྱོལ་བོད་མིའི་སྲི་ཞུའི་ལས་བྱེད་དང་། ཕྱིས་སུ་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་རྗེས་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཡོད་པ་སོགས་རྒྱ་གར་ནང་མི་ལོ་བཞི་བཅུ་ལྷག་དང་། ཕྱི་ལོ་ ༡༩༩༡ ལོར་ཨ་རིར་ཕེབས་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཐུགས་འགན་བཞེས་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་གནང་སྟེ་ཨ་རིའི་ནང་མི་ལོ་སུམ་ཅུའི་རིང་བོད་དོན་ཐོག་ཞབས་ཕྱི་ཞུས་ཡོད་སྐོར་སོགས་གསུངས་གནང་ཡོད་འདུག་པ་བཅས། །