དཔལ་ལྡན་ཚོགས་གཞོན་མཆོག་གིས་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ཉིན་གསུམ་རིང་གི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་ཡོད།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་མི་ལོ་ ༦༠ འཁོར་ལ་ཉེ་བའི་བཙན་བྱོལ་ནང་དེ་རིང་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་འཚོགས་རྒྱུའི་གོ་སྐབས་བྱུང་བ་དེ་གཙོ་བོ་ ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དྲིན་དང་། དེ་བཞིན་ང་ཚོའི་གནས་ཚང་རྒྱལ་ཁབ་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་གིས་གཙོས་པའི་སྲིད་བློན་རིམ་བྱོན། དེ་བཞིན་རྒྱ་གར་གྱི་ཤེས་ཡོན་བློན་ཆེན་རིམ་པས་ཐུགས་འཁུར་ཆེ་བཞེས་གནང་བར་བརྟེན། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་གཞིར་བཟུང་གི་ལམ་སྲོལ་ཞིག་གི་ཐོག་ཕེབས་ཐུབ་པ་བྱུང་ཡོད་སྐོར་དང་། ད་ལྟ་ང་ཚོའི་ཤེས་ཡོན་ཚགས་ཚུད་ཡོང་བར་རྒྱ་གར་ཤེས་ཡོན་བློན་ཆེན་ཟུར་པ་སྐུ་ཞབས་ཨེམ་ སི་ ཅྰག་ལ་ (M C Chagla) མཆོག་དང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་དང་། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཐུགས་ཁུར་བཞེས་གནང་མཁན་སྐུ་ཞབས་ཇཡ་པར་ཀ་ཤ་ ནྰ་རྰ་ཡན་ (Jayaprakesh Narayan) མཆོག དེ་བཞིན་བོད་པའི་འཐབ་རྩོད་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་དང་། བོད་མིའི་དབུས་ངལ་སེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་བཞེས་གནང་མཁན་ སྐུ་ཞབས་ཨཅྰརྱ་ ཇེ་ བྷི་ ཀིར་པལ་ནི་ (Acharya J.B Kirpalani)  མཆོག་གིས་གཙོས་པའི་བཀའ་དྲིན་ཅན་གྱི་རྒྱབ་སྐྱོར་གནང་མཁན་ཚོ་དང་། སྐབས་དེ་དུས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་རྗེས་དྲན་དང་དྲན་གསོ་གནང་བ་མ་ཟད།  ཉེ་ཆར་༧གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་དུས་ཆེན་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་བྱུང་བཀའ་བློན་དང་ཕྱག་ལས་གནང་མཁན་ཚོར་བསྔགས་བརྗོད་གནང་བ་དང་། ད་ལྟ་ཕྱག་ལས་གནང་བཞིན་པ་ཚོས་ཀྱང་མུ་མཐུད་ཧུར་ཐག་གནང་དགོས་པའི་བཀའ་སློབ་ཕེབས་པའི་སྐོར་དང་། ལྷག་པར་དུ་བོད་ནང་རང་སྲོག་འབེན་དུ་བཅུག་སྟེ་རྒྱ་ནག་དམར་པོའི་གཞུང་ལ་གདོང་ཐུག་གིས་བོད་ཀྱི་སྲོག་རྩ་ལྟ་བུའི་རིག་གནས་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙོས་པའི་གཞན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་། དམུ་དགེ་བསམ་གཏན་མཆོག ཚེ་རྟན་ཞབས་དྲུང་མཆོག མཁས་དབང་མཁྱེན་རབ་འོད་ཟེར་མཆོག མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་དང་། ལྷག་པར་དུ་མཁྱེན་ཆེན་ཚེ་རྣམ་རིན་པོ་ཆེ་མཆོག་ལ་སོགས་པར་རྗེས་དྲན་དང་དྲན་གསོ་ཞུས་གནང་ཡོད།

དེ་བཞིན་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ནང་གྲོས་ཆོད་ཁག་ཕྱག་བསྟར་ཐུབ་པ་རྣམས་ལ་བསྔགས་བརྗོད་དང་། མ་ཐུབ་པ་ཚོར་རྒྱུ་མཚན་གང་གིས་རྐྱེན་གྱི་ཡིན་པ་དཔྱད་པ་གནང་གལ་ཆེན་པོ་ཡིན་སྐོར་དང་། ཚོགས་བཅར་བ་ཚོའི་ཕྲག་པར་འགན་ཆེན་པོ་ཡོད་པ་དགོངས་པ་བཞེས་ནས་གྲོས་བསྡུར་ལྷུག་པོ་གནང་སྟེ་གྲོས་ཆོད་རྣམས་དེ་མ་ཐག་ཏུ་ཕྱག་བསྟར་ཐུབ་པ་དང་། རིམ་པས་ཕྱག་བསྟར་ཐུབ་པ་སོགས་དབྱེ་བ་འབྱེད་པ་ཡིན་ན་ལས་དོན་གྲུབ་པར་དགེ་མཚན་ཆེན་པོ་ཡོད་སྐོར་ཡང་གསུངས་གནང་ཡོད།

གཞན་ཡང་ཕྱི་ལོ་ ༡༩༥༩ ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་ཁག་གསར་འཛུགས་གནང་སྟེ་ཕྱི་ལོ་ ༢༠༠༩ བར་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་རྒྱུས་ཕྱོགས་བསྒྲིགས་གནང་བའི་ལོ་རྒྱུས་དེབ་ཀྱི་ནང་དོན་ཁག་ལ་པར་རིས་འགའ་འཁྲུག་འདུག་པས་ཐུགས་ཞིབ་གནང་གལ་ཆེ་སྐོར་དང་།  སློབ་གྲྭ་སོ་སོའི་ལོ་རྒྱུས་ཁག་པར་རིས་ཐོག་འགྲེམས་སྟོན་ཞུ་ཐུབ་པ་ཡིན་ན་སློབ་གྲྭ་སོ་སོའི་ལོ་རྒྱུས་ཤེས་ཐུབ་པའི་དགེ་མཚན་ཡོད་པ་དང་། སློབ་གྲྭ་ཁག་གི་ལོ་རྒྱུས་ལ་དཔྱད་པ་བྱས་ནས་གྲོས་བསྡུར་གནང་ན་གྲུབ་འབྲས་བཟང་བ་ཡོང་པའི་རེ་བ་ཡོད་པ། ང་ཚོ་བཙན་བྱོལ་ནང་སློབ་མ་ཉུང་དུ་འགྲོ་བ་དང་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བྱིས་པ་གསུམ་ཡན་ཡོད་པ་ལ་དམིགས་བསལ་མཐུན་འགྱུར་སྦྱོར་བར་བོད་མི་ཚོས་ཕྱར་གྲུ་མཉམ་འདེགས་སྒོ་ནས་ཕྱག་བསྟར་ཐུབ་པར་འབད་བརྩོན་བྱ་དགོས་གལ་དང་།

དེ་བཞིན་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པའི་དོན་ཚན་བཅུ་བདུན་པའི་ནང་གསེས་ ༡ པོ་ནས་ ༩ བར་དང་། ཡང་ནང་གསེས་ ༡༤ ནས་ ༡༦ བར་གྱི་ཤེས་ཡོན་དང་འབྲེལ་བའི་སྐོར་འབྲུ་དོན་གཞིར་བཟུང་ཕྱག་བསྟར་གནང་དགོས་སྐོར་དང་བཅའ་ཁྲིམས་ལེའུ་ ༣ པའི་དོན་ཚན་ ༡༧ ནང་གསེས་ ༢ པའི་དགོངས་དོན་ད་ཡོད་ཤེས་ཡོན་སྲིད་བྱུས་དེ་ཉིད་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་གཏན་འབེབས་གནང་ནས་ལོ་ངོ་ ༡༠ ཡི་རྗེས་སུ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཕྱག་བསྟར་ཚུལ་མཐུན་ཡོང་གི་ཡོད་མེད་བསྐྱར་ཞིབ་སླད་འཛིན་སྐྱོང་ནས་ཚོགས་ཆུང་བཙུགས་གནང་བའི་ཤེས་ཡོན་ཚོགས་ཆུང་གི་ལམ་སྟོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོ་བཅས་སོསོའི་ནང་དོན་རྣམས་ཕྱག་བསྟར་དགོས་གནས་སྐོར།  ལྷག་པར་ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་དང་། ཕྱི་ལོ་ ༢༠༡༠ ལོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྙན་ཐོ། གཞན་ཡང་ཕྱི་ལོ་ ༢༠༡༨ ལོའི་ནང་དཔལ་ལྡན་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་འཆར་འོག་ཤེས་ཡོན་སོགས་དང་འབྲེལ་བའི་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ཡོད་པ་བཅས་ཀྱི་ཐོག་བསྐྱར་ཞིབ་དང་ཐུགས་ཞིབ་གནང་དགོས་སྐོར།

ཤེས་རིག་ལས་ཁུངས་ནས་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཁག་གི་ཐོག་སྔོན་རྩིས་བཀའ་འཁྲོལ་དང་བར་བརྒལ་བཀའ་འཁྲོལ་ཞུས་རིམ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་རྒྱུན་ལས་སོ་སོས་དགག་བྱ་གང་ཡང་མེད་པའི་ཐོག་ནས་བཀའ་འཁྲོལ་གནང་བཞིན་ཡོད་པ་ལ་གྲོས་ཚོགས་ནམ་ཚུགས་སྐབས་སུ་ཤེས་རིག་བཀའ་བློན་མཆོག་ལ་སྤྱི་འཐུས་རྣམས་ནས་ཤེས་ཡོན་དང་འབྲེལ་བའི་དགོངས་ཚུལ་དང་འདྲི་རྩད་ལྷུག་པོ་གནང་བ་སོགས་ཀྱི་བརྒྱུད་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཚགས་ཚུད་ཡོང་བར་ཐོག་མཐའ་བར་གསུམ་དུ་མཐུན་འགྱུར་ཞུས་གནང་བ་དང་། མཐའ་དོན་ ཚོགས་བཅར་བ་རྣམས་ལ་ཚོགས་ཆེན་འདིའི་དུས་ཚོད་ཕལ་མོ་ཆེ་བགྲོ་གླེང་དང་གྲོས་བསྡུར་ཐོག་གཏོང་དགོས་པའི་བཀའ་སློབ་གནང་བ་བཅས་ཀྱི་གནས་ཚུལ་དུ། །