དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་དམ་པ་ཇོར་ཇི་ཕར་ནན་ཌི་སི་མཆོག་གི་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས་མྱ་ངན་གུས་བཏུད་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་དགུང་གྲངས་ ༨༨ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་གཟིམ་ཤག་ (Panchsheel Park, New Delhi) ཏུ་མྱ་ངན་གུས་འདུད་སླད་ཆེད་ཕེབས་ཀྱིས་ཁོང་གི་སྐུ་ཕུང་ལ་མཇལ་དར་དང་། མེ་ཏོག་ཕུལ་གནང་ཡོད་པ་མ་ཟད། ཁོང་གི་སྐུ་ཟླ་ལའི་ལ་ཀ་སྦིར་ (Smt. Leila Kabir) མཆོག་གིས་གཙོས་པའི་རྗེས་ཤུལ་ནང་མི་དང་། རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུས་གནང་ཡོད་འདུག

སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན། ཚོགས་སྡེ་ཁག་གི་སྐུ་ཚབ། ལ་དྭགས་བྷུཏ་བྷི་ཧར་གྱི་སྐུ་ཚབ་བཅས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་ཆེད་བཅར་གནང་ཡོད་འདུག་པ་དང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་ཚེས་ ༣༡ ཉིན་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་བོད་རིགས་གང་མང་ཕེབས་དགོས་སྐོར་གསུངས་གནང་ཡོད་འདུག

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་ (Dr.Arun Kumar) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་མི་ན་ཤི་ ལེ་ཀི་ (Smt. Meenakshi Lekhi) མཆོག དམ་པ་ཁོང་གི་སྒེར་དྲུང་ལྕམ་སྐུ་ཇ་ཡ་ ཇེ་ཌི་ལི་ (Smt. Jaya Jaitley) མཆོག་བཅས་དང་མཇལ་འཕྲད་གནང་ཡོད་འདུག་པ་བཅས། །