༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་རིཇ་ (Ridge) ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་དོན་ཚོགས་ཆུང་དང་། སིམ་སྤྱི་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་ (Acharya Dev Vrat) མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྐུ་ཚབ་མངའ་སྡེའི་གཞུང་གི་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧེནྡྲ་སིངྒ་ (Mahender singh) མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Virbhadra Singh) མཆོག ས་གནས་ཡུལ་མི་དང་བོད་མི། དེ་བཞིན་ཕྱི་ནང་གི་གསར་འགོད་པ་སོགས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་གཙོས་པའི་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་རྗེས།
དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་དེ་རིང་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ངས་སྤྱིར་རྒྱ་གར་དང་བོད། བྱེ་བྲག་ཏུ་ཧི་མཱ་ཅལ་མངའ་སྡེ་དང་བོད་དབར་གྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་སྙིང་བསྡུས་ཤིག་ཞུ་གི་ཡིན། རྩ་བའི་བོད་དང་རྒྱ་གར་དབར་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག ཚོང་འབྲེལ། ས་མཚམས་བཅས་ཀྱི་ཐོག་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་དང་། དམིགས་བསལ་དུས་རབས་ ༧ ནས་ ༡༧ བར་རྒྱ་གར་གྱི་པཎ་གྲུབ་མང་པོ་བོད་ནང་གདན་ཞུས་གནང་ཡོད་པ་མ་ཟད། བོད་ཀྱི་ལོ་ཙྰ་བ་མང་པོ་ཞིག་རྒྱ་གར་ནང་ཕེབས་པ་སོགས་ཕན་ཚུན་འགྲོ་འོང་ཡོད་པ་ལོ་རྒྱུས་ཐོག་ནས་མཇལ་རྒྱུ་ཡོད། དེ་བཞིན་བོད་ཀྱི་ཆུ་བོ་གླང་ཆེན་ཁ་བབས་ནི། སྟོད་མདའ་པ་དང་། མཐོ་ལིང་སོགས་ནས་ཁུ་ནུའི་གཞུང་བརྒྱུད་རྒྱ་གར་ནང་རམ་སྤུར་དང་། པཎ་ཇབ་མངའ་སྡེའི་ནང་རྒྱུགས་བཞིན་ཡོད།
ཧི་མཱ་ཅལ་རྒྱལ་བརྒྱུད་བྷུ་ཤཱར་རཱཇ་ (Bushahr Raj) སྐབས་ནས་བོད་དང་ཚོང་འབྲེལ་གྱི་འབྲེལ་བ་བྱུང་སྟེ། ད་ལྟ་ལོ་ངོ་ ༣༣༣ ལྷག་འགྲོ་བཞིན་ཡོད་ཀྱང་། ཧི་མཱ་ཅལ་མངའ་སྡེའི་རམ་སྤུར་ས་གནས་སུ་ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ཚོང་འདུས་ (Mela) གོ་སྒྲིག་ཞུས་ཏེ་ཧི་མཱ་ཅལ་དང་བོད་དབར་ཚོང་གི་འབྲེལ་བ་བཙུགས་པའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད། དེ་བཞིན་ཕྱི་ལོ་ ༡༩༡༤ ལོར་རྒྱ་གར་ཨིན་ཇིའི་སྲིད་གཞུང་དང་། བོད། རྒྱ་ནག་བཅས་ཀྱི་སྐུ་ཚབ་སིམ་ལར་འཛོམས་ནས་ཆིངས་ཡིག་བཞག་ཡོད་པ་དེ་དག་ནི་ལོ་རྒྱུས་ཐོག་ནས་བོད་དང་། རྒྱ་གར་དབར་འབྲེལ་བ་ཡོད་པ་ཞིག་དང་། དམིགས་བསལ་བོད་དང་། ཧི་མཱ་ཅལ་དབར་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་རེད།
འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས། ༧གོང་ས་མཆོག་དང་ལྷན་བོད་མི་སྟོང་ཕྲག་བརྒྱད་ཅུ་ཙམ་བཙན་བྱོལ་དུ་ཕེབས་ཏེ། ཐོག་མར་མ་སུ་རིར་༧གོང་ས་མཆོག་གི་བཞུགས་གནས་མཛད་པ་དང་། དེ་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་༧གོང་ས་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་རྡ་སར་སྤོས་གནང་སྟེ། ད་བར་ཧི་མཱ་ཅལ་མངའ་སྡེ་ནི་༧གོང་ས་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ལྟ་བུ་ཆགས་ཡོད། སྤྱིར་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ཙམ་ཡོད་པ་དང་། རྒྱ་གར་མངའ་སྡེ་ཁག་ ༡༢ ནང་བོད་མིའི་གཞིས་ཆགས་ཡོད། ཧི་མཱ་ཅལ་མངའ་སྡེ་ལྟ་བུར་མཚོན་ན། བོད་མི་ཁྱོན་ ༡༧༧༢༥ ཡོད་པ་རྣམས་མངའ་སྡེའི་རྫོང་ཁག་མི་འདྲ་བ་བདུན་ནང་གནས་སྡོད་བྱེད་བཞིན་ཡོད་པ་དང་། མངའ་སྡེའི་ནང་བོད་མིའི་གཞིས་ཆགས་ཁག་ ༡༤ དང་། བོད་མིའི་སློབ་གྲྭ་ ༡༧། བོད་པའི་དགོན་སྡེ་ཁག་ ༥༢། བོད་མིའི་རིག་གཞུང་བསྟི་གནས་ཁང་ཁག་ ༥ བཅས་ཡོད།
བོད་ནང་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ནས་ད་བར་བོད་མི་འབུམ་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་དང་། དགོན་སྡེ་ ༦༠༠༠ ལྷག་གཏོར་བཤིག་བཏང་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་འཛིན་པར་བརྟེན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་སྐྱ་སེར་གྲངས་ ༡༥༢ ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་སྐུ་ལུས་མེ་མཆོད་དུ་ཕུལ་ཡོད།
རྒྱ་གར་དབུས་གཞུང་གི་སྲིད་འཛིན་དང་པོ་སྐུ་ཞབས་རཱཇེནྡྲ་པྲཱ་སཱད་ (Dr.Rajendra Prasad) མཆོག་ནས་ད་ལྟའི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ (Ram Nath Kovind) མཆོག་དང་། རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ་ (Jawaharlal Nehru) མཆོག་ནས་ད་ལྟའི་སྲིད་བློན་ན་རེནྡྲ་མོ་དི་(Narendra Modi) མཆོག་གི་གཞུང་དང་མི་མང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་དང་པོ་ནས་ད་ལྟའི་སྲིད་སྐྱོང་སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་ (Acharya Dev Vrat) མཆོག་བར་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་པོ་སྐུ་ཞབས་ཡཤཝནྟ་སིངྒ་པར་མར་ (Yashwant Singh Parmar) མཆོག་ནས་ད་ལྟའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Jai Ram Thakur) མཆོག་གི་གཞུང་དང་མི་མང་བཅས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་། བཙན་བྱོལ་བོད་མིར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར། ངས་གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་ནས། བོད་ཀྱི་གནད་དོན་དེ་འཛམ་གླིང་ཡོངས་ཁྱབ་ལྟ་བུ་ཆགས་ཡོད། བྱས་ཙང་ཁྱེད་རྣམས་ནས་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བསྐུལ་ཞུ་རྒྱུ་ཡིན། ངས་དེ་རིང་སྐད་ཆ་བཤད་མཚམས་འདིར་འཇོག་རྒྱུ་ཡིན་པ་དང་། སླར་ཡང་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། །