དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧིན་དུའི་ཚོགས་པ་ (VHP) ཡི་དབུས་ཀྱི་འབྲེལ་མཐུད་པ་དང་མཇལ་འཕྲད་གནང་བ།

 ༄༅། །རྒྱ་གར་ཧིན་དུའི་ཚོགས་པ་ (Vishva Hindu Parishad) ཞེས་པའི་དབུས་ཀྱི་འབྲེལ་མཐུད་པ་གཙོ་བོ་སྐུ་ཞབས་རྰ་ས་བི་ཧྰ་རི་ (Ras Bihari) མཆོག་ཉེ་ཆར་ཧི་མྰ་ཅལ་མངའ་སྡེའི་ནང་ཚོགས་པའི་ལས་དོན་དང་འབྲེལ་བའི་ཐོག་ཕེབས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༢ ཉིན་སྐུ་ཞབས་ཁོང་གིས་ཀངྒ་ར་རྫོང་ཁོངས་ཀྱི་ཚོགས་པའི་ལས་དོན་ཁག་གྲུབ་རྗེས། ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་སྐུ་ཞབས་ཁོང་དང་། ཚོགས་པའི་པ་ལམ་པུར་དང་། ཀངྒ་ར། རྡ་སའི་འབྲེལ་མཐུད་མི་སྣ་ལྔ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་དང་། བོད་དོན་གོ་རྟོགས་ཆེད་ཕེབས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་འདིར་ཕེབས་པར་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  (VHP) ཚོགས་པའི་སྣེ་འཁྲིད་པ་སྐུ་ཞབས་དམ་པ་ཨ་ཤོཀ་སིང་གལ་ (Mr. Ashok Singhal,VHP) མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་འཕྲད་ཐེངས་མང་གནང་མྱོང་ཡོད་པ་དང་། སྐུ་ཞབས་ཁོང་ནས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཡོད་སྐོར། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་བབ་སོགས་ངོ་སྤྲོད་གནང་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་པའི་ངོས་ནས་སྔར་ལྷག་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བ་དང་། མ་འོངས་པར་ཚོགས་པའི་ཚོགས་འདུའི་ནང་བོད་དོན་སྐོར་གླེང་སློང་གང་མང་གནང་རྒྱུའི་འབོད་སྐུལ་ཞུས་གནང་བར།   སྐུ་ཞབས་ཁོང་ནས་ཀྱང་མ་འོངས་པར་ཚོགས་པའི་ངོས་ནས་གང་ཐུབ་གནང་རྒྱུ་དང་། ཚོགས་པའི་ཚོགས་འདུ་གོ་སྒྲིག་གནང་སྐབས་སྐུ་མགྲོན་དུ་གདན་ཞུ་གནང་རྒྱུའི་ཞལ་བཞེས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་བ་བཅས། །

 

Menu