དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ཞིག་གི་ཉེ་བའི་རིགས་བདག་དང་བྷི་ཇེ་པི་འགོ་འཁྲིད་རྒན་གྲས་ཤིག་དང་མཇལ་འཕྲད་གནང་བ།

༄༅། ། ཧི་མྰ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Himalaya Parivar) སྣེ་ལེན་འོག་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ (Maharaja Agrasen University) ཞེས་པའི་ཉེ་བའི་རིགས་བདག་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་འགོ་འཁྲིད་རྒན་གྲས་ཡིན་པ་སྐུ་ཞབས་ཇག་དི་ཤི་མི་ཏལ་ (Shri.Jagdish Mittal) མཆོག་བཞུགས་སྒར་རྡ་སར་ཉིན་གཉིས་རིང་ཕེབས་པ་དང་བསྟུན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༡ ཉིན་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་། བོད་ཀྱི་ད་ལྟའི་གནད་དོན་མཁྱེན་རྟོགས་སླད་ཕེབས་གནང་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་སྤྱི་འཐུས་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ་ཞེས་པའི་དཔེ་དེབ་ཀྱི་ནང་དོན་རེ་རེ་བཞིན་འགྲེལ་བརྗོད་གནང་བ་དང་། དེ་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ནང་མེ་འཁོར་ལྕགས་ལམ་དང་། གནམ་ཐང་སོགས་འཛུགས་སྐྲུན་བྱས་ནས་མི་འབོར་སྤོ་ཤུགས་བྱེད་ཀྱི་ཡོད་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་ལུགས། བཙན་བྱོལ་ནང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས། བོད་མིའི་འཐབ་རྩོད་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཇི་ཡོད་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་དངུལ་རྩིས་གནས་བབ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་ལས་འགུལ་ཇི་སྤེལ་སྐོར་ངོ་སྤྲོད་སྙིང་བསྡུས་བཅས་གསུངས་གནང་སོང་།

སྐུ་ཞབས་ཁོང་ནས་ཀྱང་དེ་རིང་འདིར་ཕེབས་ནས་བོད་ཀྱི་གནད་དོན་ཐོག་ཤེས་རྟོགས་ཆེན་པོ་བྱུང་སྐོར་དང་། མ་འོངས་པར་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར། སྤྱིར་སྐུ་ཞབས་ཁོང་ནི་རྒྱ་གར་སྙན་ངག་རིག་གནས་ཐོག་མཁས་དབང་དང་། རྒྱ་གར་རྒྱལ་ཡོངས་སྙན་ངག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་སྟབས། ཁོང་ཉིད་བརྒྱུད་ནས་ཁོང་གི་རིག་གཞུང་བསྟི་གནས་ཁང་ཁག་དང་། བོད་མི་ཤེས་ཡོན་ཅན་དང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཁག་གི་དབར་འབྲེལ་ལམ་ཞུས་ཏེ་མ་འོངས་པར་རིག་གཞུང་དང་རིག་གནས་ཐོག་བགྲོ་གླེང་དང་ཕན་ཚུན་གོ་རྟོགས་སྤེལ་རིས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། འབྱུང་འགྱུར་སླར་ཡང་བཞུགས་སྒར་དུ་ཕེབས་ཏེ་ལས་རིམ་ཁག་བང་བསྒྲིག་རྒྱུ་ཡིན་པ་སོགས་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་བ་བཅས། །

Menu