དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གདོད་མའི་རིག་གཞུང་གཅེས་སྐྱོང་དང་སྲུང་སྐྱོབ་གནང་མཁན་གཞས་པ་གྲགས་ཅན་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༢༠ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་གདོད་མའི་རིག་གཞུང་གཅེས་སྐྱོང་དང་སྲུང་སྐྱོབ་གནང་མཁན་དང་། མི་ཚེ་ཧྲིལ་པོ་ཡུལ་ལུང་གི་སྐད་ཐོག་རིག་གཞུང་འཁྲབ་སྟོན་དང་། གླུ་གཞས་ལེན་མཁན་སྙན་གྲགས་ཅན་སྐུ་ཞབས་སུ་ནིལ་ར་ན་ (Sunil Rana) ལགས་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པེ་རིམ་ས་གར་ (Prem Sagar) ལགས་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་བ་དང་སྦྲགས། རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གནང་ཕྱོགས་ཐད་བཀའ་བསྡུར་ལྷུགས་པོ་གནང་ཡོད།

དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འཐབ་རྩོད་དང་། བོད་ནང་གི་གནས་སྟངས་ལ་གཞིར་བཅོལ་བའི་ཐོག་ཡུལ་ལུང་གི་སྐད་ཡིག་ཐོག་གླུ་གཞས་ཤིག་བརྩམ་གནང་རྒྱུའི་རེ་སྐུལ་ཞུས་གནང་བ་དང་། དེ་བརྒྱུད་ནས་ས་གནས་ཡུལ་མི་རྣམས་ལ་བོད་དོན་གོ་རྟོགས་ལེགས་པོ་ཡོང་རྒྱུའི་ཕན་རླབས་སྐོར་གསུངས་གནང་སོང་། དེ་བཞིན་སྐུ་ཞབས་ཁོང་གིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཕེབས་ཐུབ་པར་དགའ་མོས་ཆེན་པོ་བྱུང་སྐོར་དང་། ༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་ཐོག་ཡུལ་ལུང་གི་སྐད་ཡིག་ཐོག་བསྟོད་གླུ་ཞིག་བརྩམ་གནང་རྒྱུའི་ཁས་ལེན་གནང་སོང་།  དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་ལ་འགྲེལ་བརྗོད་སྙིང་བསྡུས་ཤིག་གནང་སོང་།

སྐུ་ཞབས་ཁོང་རྒྱ་གར་རྒྱལ་ཡོངས་ནང་གདོད་མའི་རིག་གཞུང་འཁྲབ་སྟོན་གནང་མཁན་དང་གླུ་གཞས་ལེན་མཁན་སྙན་གྲགས་ཅན་ཞིག་ཡིན་པ་དང་། དམིགས་བསལ་ཧི་མཱ་ཅལ་མངའ་སྡེའི་ནང་སྐུ་ཞབས་ཁོང་གི་གླུ་གཞས་དང་འཁྲབ་སྟོན་ལ་མི་སྣ་རྒན་གཞོན་བར་གསུམ་ཚང་མས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་འདུག དེ་བཞིན་ཁོང་ནས་ཧི་མ་ལ་ཡའི་དུས་སྟོན་རིག་གཞུང་འཁྲབ་སྟོན་ཐོག་ཡང་ཡང་མཉམ་ཞུགས་གནང་གི་ཡོད་པ་བཅས། །

Menu