༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༨ ཉིན་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་བའི་ཉིན་མོ་དང་བསྟུན། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་ནང་ ”བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ།” ཞེས་པའི་ཚོགས་འདུ་ཞིག་ཚོགས་གནང་འདུག
ཚོགས་འདུའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས། དེ་བཞིན་ཚོགས་བཅར་བ་སེར་སྐྱ་མི་མང་ཁྱོོན་མི་གྲངས་ ༥༠ བརྒལ་བ་འདུ་འཛོམས་གནང་བའི་ཐོག། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་ལས་འགུལ་སྤེལ་སྐབས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ལྔ་ཕྱིན་པ་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་གནང་སྒོ་གང་དང་གང་ཡོད་མེད་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྡ་རམ་ས་ལ་ནས་འགོ་བཙུགས་ཏེ་ལྷ་ས་བར་གྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་སྐབས། ལོ་དེའི་ཕྱི་ཟླ་ ༦ པའི་ནང་ཁོང་ཀ་སྦུག་ཉེ་འགྲམ་གྱི་འཕགས་བོད་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་བཞིན་ཡོད་ཅེས་དང་།
ཕྱི་ལོ་ ༢༠༡༢ ལོའི་ནང་ཞི་བའི་འཐབ་རྩོད་པ་ཁོང་གིས་རྡ་ས་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་ཐེངས་དང་པོ་གནང་སྐབས་ལྡི་ལིར་ཐུག་འཕྲད་གནང་བའི་སྐོར་གསུངས་གནང་བ་དང་སྦྲགས། ཞི་བའི་འཐབ་རྩོད་པ་ཁོང་ད་ལྟ་གང་དུ་ཡོད་མེད་དང་། གར་སོང་ཆ་མེད་དུ་གྱུར་བའི་རྗེས་ཁོང་གི་གནས་བབ་གང་འདྲ་ཆགས་ཡོད་ན་བསམ་པའི་གནས་ཚུལ་བསམ་བློའི་ནང་ཡང་ཡང་འཁོར་བཞིན་འདུག་ཅེས་དང་། རྒྱལ་གཅེས་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། ཁོང་ནི་བཙན་བྱོལ་ནང་བསླེབས་པའི་རྗེས་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་བསླེབས་པ་ཞིག་མིན་པར། རང་ལོ་བཅུ་གསུམ་བཅུ་བཞིའི་སྐབས་ནས་བོད་ནང་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྤྲུལ་ལ་དད་པ་བྱེད་དགོས་སྐོར་བརྗོད་དུས་ནས་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་དང་། འཐབ་རྩོད་གནང་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན།
སྤྱིར་བཏང་སྤྱི་ཚོགས་ག་བར་ཡིན་རུང། སྤྱི་སྒེར་སུ་ཞིག་གིས་ལས་འགུལ་གང་ཞིག་སྤེལ་སྐབས་དེའི་ནང་གོ་སྒྲིག་བྱེད་མཁན་དང་། མཉམ་ཞུགས་གནང་མཁན། དེ་བཞིན་མཐུན་རྐྱེན་སྦྱོར་སྤྲོད་གནང་མཁན་སོགས་ཐུན་མོང་ཐོག་ནས་བྱེད་ཀྱི་ཡོད་ཀྱང། བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་གཞན་གྱིས་རོགས་ལ་མི་བརྟེན་པར། ཁོང་རང་ཉིད་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་གནང་བ་མ་ཟད། མཉམ་ཞུགས་ཀྱང་ཁོང་དང་ཁོང་གི་ནང་མི་གཅིག་པུས་གནང་ཡོད།
ཚོགས་པ་དང་སྒེར་སོགས་ཀྱིས་ལས་འགུལ་གང་ཞིག་སྤེལ་བ་དེ་བོད་ཀྱི་རྩ་དོན་ཆེད་དུ་ཡིན་དུས། ང་རང་ཚོ་གཅིག་པུས་སྒྲུབ་ཐུབ་ཐབས་མེད་པ་དང་། འཛམ་གླིང་མི་མང་གི་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་ཡིན་དུས། ང་ཚོས་རྒྱལ་ཁབ་ཁག་གི་གཞུང་མང་གཉིས་ལ་འབོད་སྐུལ་ཞུ་དགོས་ཀྱི་ཡོད། སྐབས་དེ་དུས་རྒྱལ་གཅེས་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གོམ་བགྲོད་གནང་སའི་ས་ཆ་ཕལ་ཆེ་བ་བོད་པ་མེད་སའི་མངའ་སྡེ་རྐྱང་རྐྱང་ཆགས་ཡོད། དེ་བཞིན་ཁོང་གི་འགྲེམས་སྤེལ་གནང་བའི་ཡིག་ཆ་དེ་ཚོའང་ཚང་མ་སྐད་ཡིག་གཞན་གྱི་ནང་ཕབ་ཡོད་པ་དང་། དོན་ཚན་ལྔ་ཅན་གྱི་ཡིག་ཆ་དེའི་ནང་འཛམ་གླིང་གཞུང་མང་གཉིས་ལ་རྒྱབ་སྐྱོར་དེ་འདྲ་ཞིག་ང་ཚོར་གནང་རོགས་གནང་ཞེས་ཞུས་ཡོད། དོན་ཚན་དེ་རྣམས་ནི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་གནང་དགོས་རྒྱུ་དང་། ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གནང་དགོས་རྒྱུ། བོད་ལ་སྐད་ཡིག་གི་རང་དབང་དགོས་པ། བོད་ནང་ཆོས་དང་རིག་གཞུང་གོམས་གཤིས་དང་བཅས་པ་སོ་སོའི་རང་དབང་ཐོག་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་དགོས་རྒྱུ། བོད་ནང་རྒྱ་ནག་དམར་པོའི་གཞུང་གི་དམག་མི་རྣམས་བོད་ས་ཡོངས་ནས་ཕྱིར་འཐེན་གནང་དགོས་ཞེས་ཁོང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ། འཛམ་གླིང་ནང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཚོར་གང་ཐུབ་ཀྱིས་ཞུས་གནང་ཡོད་པ་མ་ཟད། གསར་འགྱུར་གྱི་བརྒྱུད་ལམ་ཁག་ནང་ལའང་འདོན་སྤེལ་གནང་ཡོད།
ནམ་རྒྱུན་བོད་མིའི་སྒྲིག་འཛུགས་དང་། སྒེར་དང་ཚོགས་པ་སོགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཕྱག་བྲིས་བཏང་བ་དང་། ཚོགས་འདུ་ཁག་ལ་བཅར་གྱི་ཡོད། དེ་བཞིིན་འཛམ་གླིང་གི་རྒྱལ་སྤྱིའི་སྡིངས་ཆའི་ཚོགས་འདུ་ཁག་འདྲ་མིན་ནང་གོ་སྐབས་ལེན་ནས་བཅར་གྱི་ཡོད་པ་རེད། ཁོང་གིས་ཕྱི་ལོ་ ༢༠༡༣ ལོའི་ནང་རྡ་ས་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་སྐབས། ཁོང་གིས་མཐའ་མའི་མཇུག་འབྲས་མི་འདྲ་བ་གསུམ་ཞིག་སྔོན་དཔག་གནང་ཡོད་པ་ནི། ཡང་ན་ང་བརླག་འགྲོ་གི་རེད། ཡང་ན་ང་རྒྱ་མིས་བཙན་འཁྲིད་བྱས་ནས་བཀག་ཉར་འོག་ལྷག་གི་རེད། ཡང་ན་ང་རྒྱ་མིའི་བཙོན་འཇུག་འོག་ཉེས་བརྡུང་བཏང་ནས་ཚེ་སྲོག་ཀྱང་ཤོར་གྱི་རེད། ཅེས་གསུངས་ཡོད་རེད། སྔོན་དཔག་གནང་བ་གཞིར་བཟུང་བྱུང་བ་རེད། ཁོང་གིས་སྔོན་དཔག་བྱས་པ་རྣམས་གཞིར་བཞག་ཐོག་ང་ཚོས་ཁོང་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་དེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནང་ཞུ་གཏུགས་བྱེད་རྒྱུར་འབད་བརྩོན་བྱེད་དགོས། ཞེས་གསུངས་གནང་བ་དང་། དེ་རིང་འདིར་གོ་སྒྲིག་ཞུས་ནས་འཚམས་འཇོག་བྱེད་རྒྱུ་ཙམ་མ་ཡིན་པར། མུ་མཐུད་མ་འོངས་པར་ཚང་མས་ལས་དོན་དེའི་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པའི་འབོད་སྐུལ་དང་། ཁོང་གསོན་པོར་བཞུགས་ཡོད་པ་དང་གང་མགྱོགས་ག་བར་ཡོད་མེད་ཤེས་ཐུབ་པའི་སྨོན་ལམ་དང་། ལྷག་པར་དུ་ཁོང་གི་ནང་མི་རྣམས་ལ་རོགས་རམ་དགོས་ཚེ་ཚང་མས་གང་ཐུབ་ཀྱིས་གནང་དགོས་ཞེས་གསུངས་གནང་ཡོད།
དེ་བཞིན་ཚོགས་འདུའི་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་མིན་དང་། ཁོང་གིས་འཐབ་རྩོད་གནང་སྟངས་དེར་བཙན་བྱོལ་སྤྱི་ཚོགས་ནང་དུ་དོ་སྣང་གང་འདྲ་གནང་གི་ཡོད་མེད་སྐོར་ལ་གསུང་བཤད་གནང་བ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བློས་གཏོང་གནང་བ་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་མི་མང་བཅས་ཀྱི་ངོས་ནས་དེར་བསྟུན་གྱི་ལས་འགུལ་གང་སྤེལ་དགོས་མིན་སྐོར་ལ་གསུང་བཤད་གནང་འདུག མཐའ་དོན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་ཆོས་འཛིན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་འདུ་གྲོལ་གནང་འདུག། ཚོགས་འདུའི་ཐོག་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།