དཔལ་ལྡན་ཚོགས་གཞོན་མཆོག་གིས་མངའ་རིས་དར་ཆེན་སྐུ་བཞེངས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༩ དང་ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་གསུམ་འཛོམས་ཀྱི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་རྡ་ས་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་ལྷ་རྒྱལ་རིར་བོད་བསྟན་སྲིད་ཆེད་ལྷ་གསོལ་དང་གནའ་སྲོལ་གྱི་དར་ཆེན་སྐུ་བཞེངས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༦།༤༥ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོདཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དེ་བཞིན་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་ས་གནས་རྒྱུན་ལས་རྣམ་པ། སེར་སྐྱ་མི་མང་བཅས་ལྷན་འཛོམས་ཐོག་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གཏམ་བཤད་དེ་གའི་ཚོགས་གཙོས་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།

རྩ་བའི་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དར་ཆེན་སྐུ་བཞེངས་དང་འབྲེལ་བའི་ལོ་རྒྱུས་སྙིང་བསྡུས་ཤིག་གོང་དུ་སྙན་སྒྲོན་ཞུས་པ་ནང་བཞིན། དར་ཆེན་སྐུ་བཞེངས་ཐོག་མར་སྲོལ་བཟང་མཛད་དེ་ད་བར་ལོ་ངོ་ ༣༣༧ འཁོར་བཞིན་ཡོད་པ་དང་། བོད་ལ་དོན་རྐྱེན་བྱུང་རྗེས། ཕྱི་ལོ་ང་དགུ་ནས་བརྒྱད་ཅུ་གྱ་གྲངས་བར་བོད་ནང་དར་ཆེན་སྐུ་བཞེངས་གནང་མི་ཐུབ་ཀྱང་།  ཕྱི་ལོ་ ༡༩༨༥ ལོར་གཞིས་བཞུགས་བོད་མི་ཁག་ཅིག་རྒྱ་གར་ལ་ཕེབས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་ཏེ་བོད་ཕྱི་ནང་གཉིས་ལ་དར་ཆེན་སྐུ་བཞེངས་གནང་སྲོལ་སླར་གསོ་མཛད་ནས་ལོ་ངོ་ ༣༢ འཁོར་བཞིན་པ་དང་། དེ་བཞིན་ས་ཟླའི་ཚེས་ ༡༥ ལ་དར་ཆེན་སྐུ་བཞེངས་གནང་སྲོལ་རྒྱ་གར་དང་བལ་ཡུལ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མང་པོའི་ནང་སྲུང་རྩི་གནང་གི་ཡོད་པ་དེ་ཚོ་རྩ་བའི་ལོ་རྒྱུས་ཀྱི་རང་བཞིན་ཞིག་ཡིན་པ་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་སླད་ལོ་རྒྱུས་ཅན་གྱི་དར་ཆེན་སྐུ་བཞེངས་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱུང་བར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་མཁན་ཚོ་སྟོན་པ་ཐུགས་རྗེ་ཆེན་པོའི་མཛད་པ་གསུམ་འཛོམས་ཀྱི་དུས་ཆེན་སྐབས་སོ་སོའི་རང་དབང་ཐོག་ནས་སྲུང་རྩི་གནང་རྒྱུའི་གོ་སྐབས་བཟང་པོ་ཡོད་ཀྱང་། བོད་ཆོས་ལྡན་ཞིང་ཁམས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱ་བ་ཡོད་དོ་ཅོག་ལ་དམ་བསྒྲགས་དང་། རྒྱ་ནག་སྲིད་ཞུང་གི་བཀོད་ཁྱབ་བཏང་ནས་དམ་བསྒྲགས་ཆེ་རུ་འགྲོ་གི་ཡོད་པ་ང་ཚོ་ཚང་མས་དགོངས་པའི་མངའ་གསལ་རེད། ཉེ་ཆར་ས་ག་ཟླ་བ་འགོ་བཙུགས་ལ་ཉེ་བའི་སྐབས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱིས་ཕ་མ་དང་སློབ་ཕྲུག་ཡོངས་རྫོགས་ལ་བཀོད་ཁྱབ་བཏང་ནས་སློབ་ཕྲུག་བྱིས་པ་ཚོ་ཆོས་ཕྱོགས་ཀྱི་བྱ་བའི་ནང་མཉམ་ཞུགས་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཉིན་མ་གཉིས་སྔོན་ས་ཟླའི་ཚེས་ ༡༥ ནས་བཟུང་རྗེས་མའི་བོད་ཟླའི་ཚེས་ ༡༥ བར་ཟླ་བ་གཅིག་ཧྲིལ་པོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་རྩ་བའི་ཆོས་ཕྱོགས་ཀྱི་བྱ་བ་བྱེད་ཆོག་རྒྱུའི་གུ་ཡངས་ཡོད་པའི་རྣམ་པ་རྫུན་མ་སྟོན་པའི་མགོ་སྐོར་བསླུ་ཁྲིད་ཀྱི་སྲིད་བྱུས་གསལ་བསྒྲགས་བྱས་པ་དང་།  ཆོས་མཇལ་བ་ཚོར་དཀའ་ངལ་འཕྲད་པ་ཡིན་ན་འཕྲོད་བསྟེན་གྱི་ཞབས་ཞུ་ཡོད་པའི་རྣམ་པ་རྫུན་མའི་ཐོག་དམག་མི་གང་མང་བཀྲམ་པ་སོགས་དེ་འདྲའི་འཛམ་གླིང་ལ་མགོ་སྐོར་གཏོང་ཐབས་ཀྱི་གསལ་བསྒྲགས་ཤིག་བྱས་ཡོད།  བོད་མི་འཛོམས་འཛོམས་སིང་སིང་ཡོངས་རྫོགས་ལ་ཉེན་རྟོག་སྐོར་སྲུང་བ་དང་། གོས་དཀྱུས་མ་གྱོན་པའི་ཉེན་རྟོག་སྐོར་སྲུང་བ་བཅས་བཀྲམ་སྟེ་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།

རང་དབང་ལུང་པའི་ནང་སྟོན་པ་ཐུགས་རྗེ་ཆེན་པོའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དེ་ང་ཚོ་བོད་པ་ཙམ་མ་ཡིན་པར་འཛམ་གླིང་གི་ཐེག་པ་ཆེན་པོའི་རྒྱལ་ཁབ་གཞན་ཚོས་ཀྱང་སྲུང་རྩི་ཞུ་ཡི་ཡོད་རེད། སྤྱིར་འཛམ་གླིང་ནང་ཐེག་ཆེན་དང་ཐེག་དམན་རྣམ་པ་གཉིས་ཡོད་པའི་ཆ་ནས། ཐེག་དམན་གྱིས་བདག་ཅག་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་རྣམ་གསུམ་འཛམ་གླིང་ཡོངས་ཁྱབ་ཀྱི་ཐོག་ནས་སྲུང་བརྩི་ཞུ་ཡི་ཡོད་པ་དང་།  སྐབས་རེ་ཐེག་པ་ཆེན་པོའི་ལམ་ལུགས་ཐོག་ནས་སྟོན་པ་ཐུགས་རྗེ་ཆེན་པོའི་མཛད་པ་རྣམ་གསུམ་ང་ཚོ་ཐེག་ཆེན་གྱི་རྒྱལ་ཁབ་བོད་གཙོས་པའི་རྒྱལ་ཁབ་མང་དག་ཅིག་ཡོད་ཀྱང་འཛམ་གླིང་ཡོངས་ཁྱབ་དེ་ཧ་ལམ་བཟོ་མ་ཐུབ་པ་ལྟ་བུ་ཞིག་ཆགས་ཀྱི་འདུག དེ་འདྲ་ཡིན་ཙང་འགྲན་བསྡུར་བྱེད་དགོས་རེད་ཅེས་ཞུ་ཡི་ཡོད་མ་རེད། ཡིན་ནའི་ང་རང་ཚོའི་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་རྒྱུན་སྲོལ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་གསུམ་འཛོམས་ཀྱི་ཉིན་མོ་སྲུང་རྩི་བྱེད་སྟངས་དེ་ཡང་མི་ཉམས་རྒྱུན་འཛིན་གནས་ཐུབ་རྒྱུ་དང་། མི་རབས་གཞོན་པ་ཚོས་རྒྱུས་མངའ་དང་ཉམས་ལེན་བྱེད་ཐུབ་རྒྱུ་མ་ཟད། ཐེག་པ་ཆེན་པའི་ཐུན་མོང་མ་ཡིན་པའི་བདག་ཅག་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་རྣམ་གསུམ་སྲུང་བརྩི་བྱེད་སྟངས་དེ་ཡང་མི་རབས་གཞོན་པ་ཚོས་ཤེས་ཐུབ་པ་བཟོ་དགོས་རྒྱུ་དེ་མི་རབས་རྒན་པ་ཚོའི་འགན་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག

དེ་རིང་ཁྱད་དུ་འཕགས་པའི་ས་ཟླའི་ཚེས་ ༡༥ བདག་ཅག་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་གསུམ་འཛོམས་ཀྱི་ཉིན་མོར་ཐེག་པ་ཆེན་པོའི་ལམ་ལུགས་ཐོག་ནས་ཆོས་ཕྱོགས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་གནང་མཁན་གཙོ་བོ་གཅིག་ང་ཚོ་ཆགས་བསྡད་ཡོད་རེད། བཙན་བྱོལ་ནང་སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་མི་ཚོས་གང་ཐུབ་ཅི་ཐུབ་གནང་ནས་ད་ལྟའི་ཆར་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་གནང་བཞིན་ཡོད། ཡིན་ནའང་འཛམ་གླིང་རྒྱལ་ཁབ་གཞན་ལ་བོད་ནང་ཡོད་པའི་ཐེག་པ་ཆེན་པོའི་ལམ་ལུགས་ཐོག་ནས་ས་ཟླ་ཚེས་ ༡༥ ཉིན་མོ་སྲུང་རྩི་བྱེད་སྟངས་ཀྱི་རྒྱུན་སྲོལ་དེ་འདྲ་གཅིག་ཡོད་པ་གོ་རྟོགས་སྤེལ་ཐུབ་པ་བྱེད་དགོས་རྒྱུ་དེ་ཡང་གནད་འགག་ཅིག་རེད་ཅེས་ཞུ་འདོད་བྱུང་། དཔེར་ན་འདས་པའི་དུས་ཚོད་ནང་འཛམ་གླིང་ཡོངས་ཁྱབ་ཀྱི་ས་ཟླའི་ཚེས་ ༡༥ ཞུས་ནའི་རེད། སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་རྣམ་གསུམ་དེ་ཐེག་པ་དམན་པས་སྲུང་རྩི་ཞུས་པ་དེ་མ་གཏོགས་གཞན་ཐེག་པ་ཆེན་པོའི་ལམ་ལུགས་ལ་དེ་འདྲ་སྲུང་རྩི་ཞུ་སྲོལ་ཞིག་ཡོད་ན་སྙམ་པའི་ཕྱིའི་མི་ཚོས་རྟོགས་མ་ཐུབ་པ་དེ་འདྲ་ཆགས་བསྡད་ཀྱི་ཡོད་པ་རེད། དེ་འདྲ་ཆགས་པའི་སྐབས་སུ་ལས་འགན་དེ་ང་རང་ཚོ་ཐེག་པ་ཆེན་པོའི་ཉམས་ལེན་པ་ཚོར་བབས་ཀྱི་ཡོད་པ་ཤེས་དགོས།  བལ་ཡུལ་ནང་ལ་ཆ་བཞག་པ་ཡིན་ན། ཐེག་པ་ཆེན་པོའི་རྒྱལ་ཁབ་ཡིན་པའི་ཆ་ནས་གང་ལ་གང་འཚམས་ཉམས་ལེན་གནང་གི་ཡོད་རེད།  ད་ལྟའི་ཆར་བལ་ཡུལ་ནང་རྒྱ་ནག་དམར་པོའི་གནོན་ཤུགས་འོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་མི་ཐུབ་པ་དང་། དེ་རིང་སང་ཉིན་ཆ་བཞག་པ་ཡིན་ནའི་རྒྱ་ནག་དམར་པོའི་གནོན་ཤུགས་འོག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཞན་གྱི་གོ་སྐབས་བཟང་པོ་དེ་རྣམས་ཉུང་དུ་འགྲོ་ཉེན་ཆེན་པོ་ཆགས་ཡོད། འོན་ཀྱང་ཐེག་པ་ཆེན་པོའི་ཉམས་ལེན་པ་ཚོས་གང་ལ་གང་འཚམས་འབད་བརྩོན་གནང་འབྲས། ས་ག་ཟླ་བའི་ཚེས་ ༡༥ སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པ་གསུམ་འཛོམས་ཀྱི་ཉིན་མོ་སྲུང་རྩི་ཞུ་བསྡད་ཡོད་རེད།

༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་ཐུགས་རྗེའི་བྱིན་རླབས་འོག་གནས་ཆེན་གངས་དཀར་ཏི་སིའི་མདུན་ལ་ཐུགས་སྨོན་སྲོལ་བཟང་མཛད་པ་ནས་བཟུང་དར་ཆེན་སྐུ་བཞེངས་གནང་བཞིན་ཡོད་པ་དང་། བར་སྐབས་ལོ་ཁ་ཤས་རིང་རྒྱ་ནག་དམར་པོའི་གནོན་ཤུགས་དང་དྲག་གནོན་འོག་དར་ཆེན་སྐུ་བཞེངས་གནང་རྒྱུ་བྱུང་ཐུབ་མེད་ཀྱང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླར་ཡང་ཕྱི་ལོ་ ༡༩༨༦ ལོར་ཐུགས་སྨོན་སྩལ་གནང་མཛད་ནས་སླར་གསོ་བྱུང་རྗེས། ད་བར་མུ་མཐུད་དར་ཆེན་སྐུ་བཞེངས་གནང་བཞིན་པ་གོང་དུ་གསུང་བཤད་ནང་གསུངས་སོང་། བྱས་ཙང་ཕྱག་ལས་གནང་མཁན་ཡོངས་ལ་ལེགས་སོའིབསྔགས་བརྗོད་ཞུ་རྒྱུ་ཡིན།

རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས། བོད་ཀྱི་གནས་ཆེན་ཁྱོན་ཡོངས་ལ་རྒྱ་གར་བ་གཙོས་འཛམ་གླིང་རྒྱལ་ཁབ་གཞན་གྱི་ཡུལ་སྐོར་བ་ཚོར་གནས་མཇལ་འགྲོ་རྒྱུའི་གོ་སྐབས་རག་གི་ཡོད་མ་རེད།  ལྷག་པར་དུ་བོད་ནང་གི་གནས་ཆེན་གངས་དཀར་ཏི་སི་ནི་རྒྱ་གར་ཧིན་དུའི་ཆོས་ལུགས་གཙོས་གཞན་ཆོས་ལུགས་སྣ་ཚོགས་ཀྱིས་གནས་རྩི་བསྡད་ས་ཞིག་ཆགས་ཡོད།  རྒྱ་གར་བ་རྣམས་གནས་ཆེན་གངས་དཀར་ཏི་སི་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་འགྲོ་རྒྱུའི་ཆེད་རྒྱ་གར་གཞུང་གིས་རྒྱ་ནག་དམར་པོའི་སྲིད་གཞུང་དང་ལྷན་བཀའ་མོལ་གནང་བ་དང་།  དེ་ནས་ལས་རིམ་བང་བསྒྲིགས་ནས་གནས་མཇལ་འགྲོ་རྒྱུའི་གོ་སྐབས་འཚལ་གྱི་ཡོད།  གོ་སྐབས་ཐོབ་སྟེ་ཁ་སང་ཁ་ཉིན་རང་གནས་ཆེན་གངས་དཀར་ཏི་སི་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་དུ་ཕྱིན་པའི་རྒྱ་གར་བ་ཚོས་གནས་དེ་གཉིས་ཀྱི་འགྲམ་ལ་སླེབས་པའི་སྐབས་སུ་རྒྱ་ནག་གི་སྐོར་སྲུང་བ་ཚོས་­­དམ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག་ཅེས་རྒྱ་ནག་དམར་པོའི་གཞུང་ལ་ཁ་བརྡུང་དྲག་པོ་བཏང་བ་དང་། ད་ལྟ་ཡིན་ནའི་རྒྱ་གར་ཡུལ་མི་ཚོས་ཁ་བརྡུང་གཏོང་བཞིན་འདུག

དེ་འདྲ་ཡིན་ཙང་གནད་དོན་དེ་དག་རྒྱ་ཆེ་ས་ནས་ཤེས་རྟོགས་དགོས་པ་དང་།  དེ་བཞིན་ད་ལྟའི་བོད་ནང་དེ་ལྟ་བུའི་དངངས་སྐྲག་དང་། སོ་སོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཚང་མ་ཇིགས་སྣང་འོག་གནང་དགོས་པ་ཞིག་ཆགས་ཡོད་ཀྱང་བོད་ཆོས་ལྡན་ཞིང་ཁམས་ནང་དངོས་གནས་བླ་ཆེན་ཁག་རེད། དེ་བཞིན་མཁན་པོ་རྣམ་པ་ཚོ་དང་དགེ་བཤེས་རྣམ་པ་ཚོ་རེད། སློབ་དཔོན་རྣམ་པ་ཚོ་རེད། མི་མང་ཚོས་དངོས་གནས་དེ་ལྟ་བུའི་དམ་བསྒྲགས་འོག་རང་གི་སྲོག་ལ་ཉེན་ཁ་སླེབས་ཀྱི་ཡོད་ནའང་བློས་གཏོང་བྱས་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་རྩི་གནང་བཞིན་ཡོད་རེད། བོད་ནང་རང་ལོ་ ༡༥ ནས་ ༦༤ བར་གྱིས་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་བོད་མི་རིགས་ཀྱི་རྩ་དོན་དང་། ཆོས་དང་རིག་གཞུང་སོགས་ཀྱི་ཆེད་སྐུ་ལུས་ཕུལ་གྱི་ཡོད་རེད།

དེ་རིང་འདིར་དར་ཆེན་སྐུ་བཞེངས་ཀྱི་བསངས་གསོལ་དང་སྦྲགས་ནས་དེའི་འབྱུང་རིམ་ལོ་རྒྱུས་དེ་ཡང་འདུ་འཛོམས་ཐོག་ནམ་རྒྱུན་མངའ་རིས་དབུས་སྤྱི་མཐུན་རྒྱུན་ལས་ཁང་ནས་སྙན་སྒྲོན་ཞུ་སྲོལ་ཡོད་པ་དང་། སྐུ་མགྲོན་གདན་འདྲེན་ཞུ་སྲོལ་ཡོད་པ་བཞིན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་རྣམ་པ་ཚོར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོ་བཙན་བྱོལ་ནང་ག་ཚོད་གནས་དགོས་ཀྱང་མུ་མཐུད་ལས་དོན་དེ་དག་ཚགས་ཚུད་དང་། སྲ་བརྟན། རྒྱུན་གནས་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། གཞི་རྩའི་ཚོགས་པའི་ལས་དོན་གང་ཡོད་པ་དེའང་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་ཕྱར་གྲུ་མཉམ་འདེགས་ཡོང་བའི་ལས་དོན་ཞིག་ཆགས་ཀྱི་ཡོད་ཙང་དེ་རིང་ངས་གོ་སྐབས་དེ་བཟུང་ནས་འགན་ཁུར་ཡོངས་དང་། འདིར་ཕེབས་པ་ཡོངས་ལ་སླར་ཡང་ཆེ་མཐོང་དང་གུས་བརྩི་ཞུ་གི་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་གནང་བ་བཅས། །

 

Menu