དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་རྒྱལ་མཐོ་སློབ་ནང་གི་སློབ་གཉེར་བ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ལོའི་ཟླ ༥ ཚེས་ ༢༨ ཉིན་ཕྱི་དྲོ་ཆུ་ཚོད་ ༢།༢༠ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་བརྒྱུད་རྒྱལ་ཁབ་ཁག་གསུམ་གྱི་སློབ་གཉེར་བ་ ༡༢ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༥༢ ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་བཅོས་ལས་ཁུངས་གསར་དུ་བཙུགས་ནས་བོད་ནང་མང་གཙོའི་བཅོས་བསྒྱུར་བྱེད་འགོ་བཙུགས་ཀྱང་། རྒྱ་ནག་དམར་པོའི་གཞུང་གིས་འགོག་རྐྱེན་སྣ་ཚོགས་ལ་བརྟེན་དེ་ལྟར་ལག་བསྟར་བྱུང་ཐུབ་མེད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་བཙན་བཟུང་བྱས་རྐྱེན། ༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ངོ་བོར་བསྒྱུར་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་བ་དང་། ༸གོང་ས་མཆོག་གིས་སྔ་འཕྲོས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ནང་བསྟན་ཆོས་བརྒྱུད་བཞི་སོ་སོ་ནས་འཐུས་མི་གཅིག་རེ་བཅས་ཀྱི་འོས་དམིགས་འབུལ་དགོས་པའི་བཀའ་སློབ་སྩལ་བ་ལྟར། ཕྱི་ལོ་ ༡༩༦༠།༩།༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད། དེར་ང་ཚོས་མང་གཙོ་དབུ་བརྙེས་པའི་ཉིན་མོ་ཞེས་ཟེར་གྱི་ཡོད་པ་དང་། དེ་ཉིན་ལོ་ལྟར་མང་གཙོའི་དུས་དྲན་སྲུང་རྩི་བྱེད་བཞིན་ཡོད། དེ་ནས་ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་ད་བར་ཁྲིམས་སྒྲིག་ཁག་ ༢༧ གཏན་འབེབས་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་རྒྱུ་དང་། ༢༠༡༡ ལོར་༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་ཐོན་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་སྐོར་སོགས་གསུངས་གནང་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ལ་གསུང་དོན། ལོ་རེར་གྲོས་ཚོགས་ཚོགས་ཐེངས་གཉིས་འཚོགས་ཀྱི་ཡོད་པ་དང་། ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་གྲོས་ཚོགས་འཚོགས་ཀྱི་ཡོད། ད་ལྟའི་ཆར་སྤྱི་འཐུས་གྲངས་ ༤༥ ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ ༡༡ ཡོད་ཅེས་དང་། སྤྱི་འཐུས་རྣམ་པ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་། མཁས་དབང་། འཛིན་སྐྱོང་མི་སྣ། བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་སོགས་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་ངོ་སྤྲོད་གནང་གི་ཡོད་པ་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་སྤྱི་འཐུས་རྣམ་པ་ས་བགོས་ཐོག་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕེབས་ཏེ་༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་གནས་སྟངས། གྲོས་ཚོགས་ཀྱི་ལས་རིམ་སྐོར་སོགས་ལ་འགྲེལ་བརྗོད་གནང་གི་ཡོད་པ་མ་ཟད། ས་གནས་བོད་མིའི་འཚོ་བའི་བདེ་སྡུག་སོགས་ལ་གཟིགས་ཞིབ་གནང་སྟེ་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་སྙན་འབུལ་གནང་གི་ཡོད་པ་བཅས་གསུངས་སོང་།

བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་ལ་གསུང་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་བ་གསུམ་ཡོད་པ་དང་། དེ་དག་ནི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རང་དབང་བོད་དོན་སློབ་ཕྲུག་ཚོགས་པ་བཅས་ཡིན། ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་བསྐྱངས་གནང་ཡོད་ པ་དང་། ཐོག་མར་རྒྱ་གར་དང་། དེ་ནས་ལི་ཐུ་ཝ་ནི། ཨ་རི། སི་ཀོཊ་ལནྜ། ཨིཊ་ལི། ཁེ་ན་ཌ་བཅས་ལ་ཚོགས་ཡོད། ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་ ༣༠ ལྷག་གི་གྲོས་ཚོགས་འཐུས་མི་ཆེད་བཅར་གནང་གི་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་དང་འབྲེལ་བའི་གྲོས་ཆོད་འཇོག་གནང་གི་ཡོད། གྲོས་ཆོད་བཞག་རྗེས་གྲོས་ཚོགས་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་གི་ཡོད།  བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་མི་མང་དཀྱུས་མའི་ཚོགས་པ་ཞིག་ཡིན་པ་དང་། ད་བར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བདུན་བསྐྱངས་ཡོད། རང་དབང་བོད་དོན་སློབ་ཕྲུག་ཚོགས་པ་ཐོག་མར་ནིའུ་ཡོག་ཏུ་འགོ་བཙུགས་ཡོད། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱིས་སྲིད་བྱུས་འོག་བོད་མི་རང་ལོ་ ༡༥ ནས་ ༦༤ བར་གྱིས་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་བཞིན་པའི་སྐོར་དང་། གཉིས་སྨན་དབུ་མའི་ལམ་གྱི་སྐོར་སོགས་ཀྱི་ཐོག་གསུངས་གནང་རྗེས། ཁོང་རྣམས་སོ་སོའི་རྒྱལ་ཁབ་ནང་ཕྱིར་ཕེབས་འབྱོར་སྐབས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས། །

Menu