དཔལ་ལྡན་ཚོགས་གཞོན་མཆོག་མ་ན་ལི་ས་གནས་སུ་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་སྐུ་མགྲོན་དུ་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ཉིན་མ་ན་ལི་ (Rambagh Auditorium,Manali) ཞེས་པའི་ཚོགས་ཁང་ནང་ཀུ་ལུ་མ་ན་ལི་ས་གནས་འགོ་འཛིན་དང་ས་གནས་མི་མང་ནས་གོ་སྒྲིག་ཞུས་པའི་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་གནང་བ་དང་། དེའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་སྐུ་མགྲོན་དུ་ཕེབས་གནང་ཡོད།

མཛད་སྒོའི་སྐུ་མགྲོན་གཙོ་བོར་སྐུ་ཞབས་ (Shri.Sunny Sharma, Assistant Commissioner to DC, Kullu)  མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ལ་ཧུལ་སི་པི་ཏི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ (Shri.Ravi Thakur) མཆོག་དང་། སྐུ་ཞབས་ (Shri Sher Singh DSP,Manali)  མཆོག་རྣམ་གཉིས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་སློབ་དཔོན་བཀྲ་ཤིས་དཔལ་འབྱོར་ལགས། དེ་མིན་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་མི་རྣམ་པ། ས་གནས་རྒྱ་གར་སློབ་གྲྭ་ཁག་གི་སློབ་སྤྱི་དང་འཛིན་སྐྱོང་ལས་བྱེད་སོགས་དང་ས་གནས་མི་མང་བཅས་ཚང་འཛོམས་ཀྱིས་ཐོག་མར་མ་ན་ལིའི་ནང་ཆགས་པའི་འོན་མངའ་རིས་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཤིས་བརྗོད་གསུང་འདོན་གནང་བ་དང་། དེ་ནས་སམ་བྷོ་ཊ་སློབ་གྲྭ་དང་། ཀུ་ལུ་ས་གནས་བོད་རིགས་མི་མང་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་ཡོད་འདུག

དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་སྲིད་བློན་ནེ་རུ་ནས་བཟུང་ད་ལྟའི་སྲིད་བློན་མོ་དི་ཡིས་འཛིན་པའི་གཞུང་དང་། རྒྱ་གར་མི་མང་རྣམས་ནི་བོད་ཀྱི་འཐབ་རྩོད་དང་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་གཞུང་དང་མི་མང་རྣམས་ཀྱང་བཀའ་དྲིན་ཆེན་པོ་ཡིན་པས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་ཐོག་འཛམ་གླིང་ནང་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་ད་བར་དྲག་པོའི་སྲིད་བྱུས་ལ་འགྱུར་བ་མེད་པར་གནས་སྟབས་རང་ལོ་ ༡༥ ཡན་ནས་ ༦༤ བར་གྱི་བོད་མི་གྲངས་ ༡༥༢ ཀྱིས་ཞི་བའི་ཐོག་ནས་བོད་བསྟན་སྲིད་ཀྱི་ཆེད་སྐུ་ལུས་མེར་བསྲེགས་གནང་ཡོད་པའི་སྐོར། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་དཀར་ནག་གི་ས་མཚམས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོ་ཀུ་ལུ་མ་ན་ལི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཇི་ལྟར་བཙུགས་པའི་སྐོར་ལོ་རྒྱུས་སྙིང་བསྡུས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཤིང་སྣ་འདེབས་འཛུགས་དང་། ཁོར་ཡུག་ཐོག་དོ་སྣང་ཤུགས་ཆེ་ཡོང་ཐབས། ཆབ་སྲིད་སོགས་ཀྱི་ལས་འགུལ་གང་མང་སྤེལ་དགོས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་དུ་གཏོང་ཐབས་སླད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག  ད་དུང་ཁོང་གིས་གསུང་དོན། མཐོ་སྒང་བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་དབར་འབྲེལ་བ་ཤུགས་ཆེ་ཡོད་སྟབས། བོད་ཀྱི་གནད་དོན་ནི་རྒྱལ་ཁབ་གཅིག་གི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་གནད་དོན་ཞིག་རེད་ཅེས་གསུངས་འདུག

Menu