དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དོན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་དང་། བོད་དང་རྒྱ་གར་དབར་རིག་གཞུང་གི་འབྲེལ་ལམ་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཤིག་གི་ཐོག་མཉམ་ཞུགས་གནང་བ།

༄༅། ། འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ་དང་། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཨིནྡྲེཤ་ཀུ་མར་མཆོག་གིས་ལོ་ཤས་གོང་བོད་ཀྱི་དཀའ་རྙོག་འཚེ་མེད་ཞི་བའི་ལམ་ནས་གང་མགྱོགས་སེལ་ཐབས་སླད་རྒྱ་གར་ཧིན་དུའི་ཆོས་དཔོན་ཞིག་གི་དྲུང་ནས་བཀའ་ལུང་ཞུས་གནང་བ་དང་། བཀའ་ལུང་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐེངས་ ༡༠༨ གནང་དགོས་པ་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ ཉིན་གྱི་སྔ་དྲོ་ཀངྒ་ར་རྫོང་ནང་ཆགས་པའི་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ (RSS) བསྟི་གནས་ཁང་དུ་ཧིན་དུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐེངས་ ༣༥ པ་གནང་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་མཉམ་ཞུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་ཅིག་ནས་དེ་གར་བོད་ཀྱི་འཐབ་རྩོད་ཆེད་སྦྱིན་བསྲེགས་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་རྡ་ས་མེག་གྷན་ས་གནས་བདེ་དོན་ཚོགས་ཁང་ནང་ (Himalaya Parivar) ཞེས་པའི་ཚོགས་པས་གོ་སྒྲིག་གནང་བའི་ ”བོད་དང་རྒྱ་གར་དབར་རིག་གཞུང་གི་འབྲེལ་ལམ་” ཞེས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བགྲོ་གླེང་ཐོག་སྐུ་ཞབས་ཨིནྡྲེཤ་ཀུ་མར་མཆོག་དང་། རྡ་ས་ས་གནས་འགོ་འཛིན། ས་གནས་བོད་མི་དང་རྒྱ་གར་གྱི་མི་མང་ཁྱོན་ ༥༠ ལྷག་ཕེབས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། སྐུ་ཞབས་ཨིནྡྲེཤ་ཀུ་མར་མཆོག་ཁོང་ཆབ་སྲིད་པ་མ་རེད་ལ་གྲོས་ཚོགས་ཀྱི་འཐུས་མི་ཡང་མ་རེད། ཁོང་ནི་མི་ཚེ་གང་པོར་སྤྱི་ཚོགས་ཞབས་ཞུ་བ་ཞིག་བྱས་ནས་བསྡད་པ་རེད། ཕྱི་ལོ་ ༡༩༢༥ ནང་དབུ་འཛུགས་གནང་བའི་རྒྱ་གར་རང་བཙན་འཐབ་རྩོད་ཐོག་སྐད་གྲགས་ཆེན་པོ་ཡོད་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ (RSS) ནང་ཁོང་གིས་མི་ཚེ་ཧྲིལ་པོ་བློས་བཏང་གནང་ནས་ཕྱག་ལས་གནང་བ་རེད།  ཁོང་གིས་མི་རིགས་ལ་བཅངས་པའི་ལ་རྒྱ་དང་། སེམས་ཤུགས། དེ་བཞིན་སྙིང་སྟོབས་སོགས་ལ་རྒྱ་གར་རྒྱལ་ཡོངས་མི་མང་གིས་བརྩི་མཐོང་ཆེན་པོ་གནང་གི་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ལོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཚོགས་ཆེན་ཞིག་བོད་གཞུང་ཟློས་གར་ནང་སྐོང་ཚོགས་གནང་བ་དང་། ཚོགས་འདུའི་མཇུག་སྡོམ་མཛད་སྒོར་སྐུ་ཞབས་ཁོང་སྐུ་མགྲོན་དུ་གདན་ཞུས་གནང་བ་རེད། ལོ་འདིའི་ནང་ཁོང་གིས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གནང་ཡོད། དེ་དུས་ཁོང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་བཙུགས་དགོས་ཀྱི་འདུག་གསུངས་ཏེ། སྐབས་དེའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྤྱི་ཁྱབ་ (Sudarshan) ལགས་ཀྱི་སློབ་སྟོན་འོག ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༥ པའི་ཚེས་ ༥ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibet Sahyog Manch) ཞེས་པ་དེ་བཙུགས་གནང་ཡོད། ད་ལྟ་ཚོགས་པ་དེ་ཐོག་མར་དབུ་འཛུགས་གནང་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན། མན་ཌི་ས་གནས་སུ་ཉིན་གཉིས་རིང་ཚོགས་ཆེན་ཚོགས་གནང་ཡོད། ཚོགས་ཆེན་ཐོག་མངའ་སྡེ་འདྲ་མིན་ནས་ཚོགས་བཅར་བ་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་མི་མང་ ༣༥༠ ཕེབས་གནང་འདུག ཚོགས་ཆེན་ཐོག་འབྱུང་འགྱུར་ལོའི་ནང་རྒྱ་གར་མི་མང་གིས་བོད་ཀྱི་རྩ་དོན་ཐོག་ཆབ་སྲིད་ཀྱི་ལས་འགུལ་གང་སྤེལ་གནང་རྒྱུ་ཡིན་པའི་སྐོར་དང་།  ལྷག་པར་དུ་ཚོགས་ཆེན་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཆུ་ཚོད་ཕྱེད་ཀའི་རིང་བོད་དང་ཧི་མཱ་ཅལ་མངའ་སྡེ་དང་། བོད་དང་རྒྱ་གར་དབར་འབྲེལ་བའི་སྐོར་ཆབ་སྲིད་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་ཞེས་གསུངས་གནང་སོང་།

ཕྱོགས་མཚུངས་སྐུ་ཞབས་ཨིནྡྲེཤ་ཀུ་མར་མཆོག་གིས་གསུང་དོན། བོད་དང་རྒྱ་གར་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། སྔར་འཕགས་བོད་ས་མཚམས་སྲུང་མཁན་དམག་མི་ཉུང་ཤས་ལས་མེད་པ་དང་། དེ་དུས་རྩོད་རྙོག་མེད་པར་ཞི་བའི་ཐོག་གནས་ཡོད་ཀྱང་བོད་ལ་དུས་འགྱུར་བྱུང་བའི་རྗེས་ས་མཚམས་ཀྱི་རྙོག་གྲ་རྒྱུན་མི་ཆད་པར་ཡོང་བཞིན་ཡོད་སྐོར་གསུངས་གནང་བ་དང་། ཉེ་ཆར་མན་ཌི་ས་གནས་སུ་རྒྱལ་ཡོངས་ཚོགས་ཆེན་སྐོང་ཚོགས་གནང་སྟེ་གྲོས་ཆོད་མང་པོ་ཞིག་བཞག་ཡོད་པ་དང་། འབྱུང་འགྱུར་རྒྱ་གར་རྒྱལ་ཡོངས་ནང་མཚན་རྟགས་བསྡུ་རུབ་དང་། ཁོར་ཡུག་ཚོགས་འདུ་སོགས་བསྐོང་རྒྱུའི་ལས་རིམ་སོགས་ཡོད་པའི་སྐོར་གསུངས་གནང་སོང་།

དེ་ཉིན་སྔ་དྲོ་ཡུ་པི་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད་པ་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དང་བསྟུན་དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ལས་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །

Menu