དཔལ་ལྡན་ཚོགས་གཞོན་མཆོག་གིས་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་སྐུ་མགྲོན་དུ་ཕེབས་ཏེ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༥ དང་ ༦ ཉིན་གྲངས་གཉིས་རིང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་མན་ཌི་ས་གནས་སུ་ རྟེན་གཞི་བྱས་པའི་ (Vipasha Sadha Mandi) ཞེས་པའི་ཚོགས་ཁང་ནང་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ (National Convention of Bharat Tibet Sahyog Manch) ཞིག་ཚོགས་གནང་ཡོད།

ཕྱི་ཚེས་ ༥ ཉིན་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་། ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧིན་དར་སིངྒ་ཋཱ་ཀུར་མཆོག་ (Shri Mahender Singh Thakur, Irrigation and Public Health Minister of Himachal Pradesh) དང་། རྒྱ་གར་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ (Dr.Kuldeep chand Agnihotri) ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་མན་ཌི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། འཕགས་བོད་འབྲེལ་ལས་ཁུངས་ཀྱི་འགན་འཛིན། ས་གནས་མི་མང་ཁྱོན་ ༣༠༠ བརྒལ་བ་འདུ་འཛོམས་གནང་འདུག

སྐབས་དེར་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་མཆོག་གིས་གསུང་བཤད་གནང་དོན། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་དབུ་འཛུགས་གནང་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་དང་།  སྐུ་ཞབས་ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ལགས་སོགས་ཡོད་པ་རེད། དེ་རིང་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་འཛུགས་གནང་ནས་ལོ་ངོ་ ༡༩ ཕྱིན་ཏེ་ད་ལྟ་ལོ་ངོ་ ༢༠ ནང་འཛུལ་བཞིན་ཡོད། འདས་པའི་ལོ་ངོ་ ༡༩ ནང་བོད་ཀྱི་རྩ་དོན་ཐོག་ང་ཚོས་ལས་དོན་གང་མང་བྱས་ཡོད་པ་དང་། དེ་རིང་མངའ་སྡེ་ཁག་ ༡༨ ནས་ཚོགས་མི་ ༣༥༠ ཙམ་ཕེབས་ཐུབ་ཡོད་པ་དེས་བོད་ཀྱི་རྩ་དོན་ཐོག་ཕན་རླབས་ཆེན་པོ་ཡོད་པ་སོགས་གསུངས་གནང་སོང་། ཕྱོགས་མཚུངས་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་། ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧིན་དར་སིངྒ་ཋཱ་ཀུར་མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་ཀྱང་གསུང་བཤད་གནང་སོང་།

དེ་ཉིན་ཕྱི་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་དང་སྐུ་ཞབས་ཨེན་དི་རེ་ཤི་ཀུ་མར་མཆོག་རྣམ་གཉིས་མཚོ་པདྨ་གཙོས་ཉེ་འཁོར་གྱི་བོད་པའི་དགོན་སྡེ་ཁག་དང་། རྒྱ་གར་གྱི་དགོན་སྡེ་ཁག་ཅིག་ལ་གནས་མཇལ་དུ་ཕེབས་གནང་ཡོད།

ཕྱི་ཚེས་ ༦ ཉིན་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋ་ཀུར་ (Shri.Jai Ram Thakur) མཆོག་དང་། དེ་བཞིན་སྐུ་མགྲོན་དུ་ཧི་མཱ་ཅལ་མངའ་སྡེའི་གློག་ཤུགས་བློན་ཆེན་སྐུ་ཞབས་ཨ་ནིལ་ཤར་མ་ (Shri.Anil Sharma,MPP and Power Minister) མཆོག སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་མཆོག རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Shri Ram Swaroop Sharma) མཆོག སྐུ་ཞབས་ཀུལ་དཱིབ་ཅནྡ་ཨགྣི་ཧོཏྲི་མཆོག སྐུ་ཞབས་ཨར་ཀེ་ཁིར་མེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་གྲོས་ཚོགས་འཐུས་མི་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན། མན་ཌི་ས་གནས་འགོ་འཛིན་གྱིས་གཙོས་ཉེ་འཁོར་གཞིས་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་རྣམ་པ། རང་དབང་བདེན་པའི་ལས་ཁུངས་དང་། ཚོགས་པ་ཁག་གི་སྐུ་ཚབ་གཙོས་བོད་མི་བརྒྱ་ཕྲག་བརྒལ་བ་དང་། རྒྱ་གར་མངའ་སྡེ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་བཅས་ཁྱོན་མི་མང་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་ཚོགས་འདུ་གོ་སྒྲིག་གནང་མཁན་དང་། ད་ལྟའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་བོད་ཕྱི་ནང་གཉིས་ནང་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཧིན་སྐད་ནང་གསུང་བཤད་གནང་དོན། དེ་རིང་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་འཛུགས་གནང་མཁན་དང་། ཚོགས་པའི་ལམ་སྟོན་པ་སྐུ་ཞབས་ཨིན་དི་རེ་ཤི་མཆོག་གིས་རྒྱ་གར་རྒྱལ་ཡོངས་ནང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་སྤེལ་གནང་བར་དམིགས་བསལ་གྱིས་གོ་སྐབས་འདི་བརྒྱུད་ཁོང་ལ་ཡིད་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྣམ་པ་ཚོ་མང་ཆེ་བ་བོད་ཀྱི་གནད་དོན་ཐོག་དོ་སྣང་ཡོད་པ་ཞིག་དང་། རྒྱབ་སྐྱོར་གནང་མཁན་ཞིག་ཡིན་དུས་ངས་བོད་དོན་ཐོག་དེ་ཙམ་རྒྱས་པོ་ཞུ་མི་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སྙིང་བསྡུས་ཤིག་ཞུས་ན་བསམ་བྱུང། བོད་དང་རྒྱ་གར་དབར་མི་རྒྱུད་དང་རྒྱལ་རྒྱུད། ཆོས་དང་རིག་གཞུང། ཁོར་ཡུག ཚོང་འབྲེལ། དེ་བཞིན་ས་མཚམས་བཅས་ཀྱི་ཐོག་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་པའི་རྗེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་པ་ཞིག་བྱུང་བ་མ་གཏོགས་དེའི་སྔོན་འཕགས་བོད་ས་མཚམས་ཟེར་བ་ལས་གོ་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་ནང་ད་བར་དྲག་པོའི་སྲིད་བྱུས་ལ་འགྱུར་བ་མེད་པར་གནས་སྟབས་རང་ལོ་ ༡༥ ཡན་ནས་ ༦༤ བར་གྱི་བོད་མི་གྲངས་ ༡༥༢ ཀྱིས་ཞི་བའི་ཐོག་ནས་བོད་བསྟན་སྲིད་ཀྱི་ཆེད་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། ཁོང་རྣམས་ཀྱི་རེ་བ་གཙོ་བོ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མགྱོགས་མྱུར་གདན་འདྲེན་ཞུ་རྒྱུ་དང་། བོད་ནང་འགྲོ་བའི་མིའི་ཐོབ་ཐང་དགོས་རྒྱུ་དེ་རེད། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཀྱང་བོད་ནང་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་ཆེད་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་ནག་གི་དྲག་པོའི་སྲིད་བྱུས་ལ་ཁ་གཏད་གཅོག་བཞིན་ཡོད་པ་གསལ་པོ་རེད། བཙན་བྱོལ་ནང་༸གོང་ས་མཆོག་གིས་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང་། ལྷག་པར་དུ་ཁྱེད་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་བརྟེན་ནས་འཛམ་གླིང་སྟེང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་རྒྱབ་སྐྱོར་གྱི་ནུས་པ་ཚད་ལྡན་ཆགས་ཡོད་པ་རེད། ཁྱེད་རྣམས་ནས་སོ་སོའི་རྩ་ཆེའི་དུས་ཚོད་དང་འགྲོ་གྲོན་བཏང་སྟེ་དེ་རིང་བོད་དོན་དང་འབྲེལ་བའི་ཚོགས་ཆེན་ཐོག་བཅར་བར་ངས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བརྟེན་ནས་བོད་མི་ཚོའི་སེམས་ཤུགས་དང་། སྙིང་སྟོབས་སྔར་ལྷག་ཆེ་རུ་འགྲོ་བཞིན་ཡོད། བྱས་ཙང་འབྱུང་འགྱུར་ལོའི་ནང་ལས་དོན་ཆེ་ཁག་སྤེལ་རྒྱུའི་གྲོས་ཆོད་དང་འཆར་གཞི་དེ་རིང་ཚོགས་ཆེན་ཐོག་གསལ་བསྒྲགས་བསྐྱངས་གནང་བ་ལྟར་རྣམ་པ་ཚོས་མུ་མཐུད་མཉམ་ཞུགས་དང་། ང་ཚོས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན། མཐའ་དོན་བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་བའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད། དེ་བཞིན་མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། གཞན་ཡང་སྐུ་ཞབས་ཨེན་དི་རེ་ཤི་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཀྱིས་གསུང་བཤད་གནང་སོང་། དེ་བཞིན་ཉིན་གཉིས་ཀྱི་ཚོགས་ཆེན་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་བོད་དོན་དང་འབྲེལ་བའི་དེབ་ཁག་ཅིག་ཀྱང་འགྲེམས་སྤེལ་གནང་ཡོད།

དཔལ་ལྡན་ཚོགས་གཞོན་མཆོག་གིས་མན་ཌི་ས་གནས་སུ་ཉིན་གཉིས་རིང་གི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་གྱི་མཛད་སྒོར་ཕེབས་པ་དང་བསྟུན། མན་ཌི་ས་གནས་བོད་མི་རྣམས་ནས་རེ་སྐུལ་ཞུས་པ་བཞིན་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་དམིགས་བསལ་མཇལ་འཕྲད་ཀྱིས་ས་གནས་ནང་གི་དཀའ་ངལ་སེལ་ཕྱོགས་ཐད་ལམ་སྟོན་བཀའ་སློབ་གནང་བ་མ་ཟད། དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་མན་ཌི་ས་འཐུས་ཚོགས་གཙོ་དང་། ས་གནས་རང་དབང་བདེན་པའི་ཚོགས་གཙོ་དང་ལྷན་ཧི་མཱ་ཅལ་མངའ་སྡེའི་གློག་ཤུགས་བློན་ཆེན་སྐུ་ཞབས་ཨ་ནིལ་ཤར་མ་མཆོག་དང་། ཁོང་གི་ཡབ་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་ (Shri.Sukh Ram)  མཆོག་དང་མཇལ་འཕྲད་གནང་སྟེ་ས་གནས་ནང་གི་དཀའ་ངལ་རྣམས་སྙན་སེང་ཞུས་གནང་ཡོད། དཔལ་ལྡན་ཚོགས་གཞོན་མཆོག་མན་ཌི་ས་གནས་སུ་འབྱོར་སྐབས་མན་ཌི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བ་བཅས། །

 

Menu