དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་མན་ཌི་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༥ དང་ ༦ ཉིན་གཉིས་རིང་ཧི་མཱ་ཅལ་མངའ་སྡེའི་མན་ཌི་ས་གནས་སུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibet Sahyog Manch) རྒྱལ་ཡོངས་ཚོགས་ཆེན་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་ཐོག་འཕགས་བོད་འབྲེལ་མཐུད་ཚོགས་པ་ནས་ཕྱི་ཚེས་ ༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོ་དང་། དེ་བཞིན་སྤྱི་འཐུས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་མན་ཌི་ས་གནས་སུ་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་རྡ་ས་ནས་མན་ཌིར་ཕེབས་ཐོན་དང་། ས་གནས་སུ་འབྱོར་མཚམས་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༦ ཉིན་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་རྒྱུ་དང་། ཕྱི་དྲོ་མན་ཌི་ས་གནས་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

ཚོགས་ཆེན་དེའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ། དེ་བཞིན་རྒྱ་གར་གྱི་བློན་ཆེན་དང་ཆེས་མཐོའི་མི་སྣ། ཁྱད་མཁས་མི་སྣ་མང་པོ་ཞིག་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །