༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ལས་དོན་གལ་ཆེའི་ཐོག་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་། རྒྱ་གར་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་དམ་པ་ (Dr Nand Kishore Trikha) མཆོག་གི་མྱ་ངན་གུས་འདུད་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༢ ཚེས་ ༣ ཉིན་གྱི་སྔ་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན།