དཔལ་ལྡན་ཚོགས་གཞོན་མཆོག་གིས་གྷན་དིའི་ཤེས་ཡོན་སློབ་གཉེར་ཁང་དུ་ཆོས་ལུགས་དབར་གྱི་ཟབ་སྦྱོང་ཐོག་གསུང་བཤད་གནང་བ།

 ༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གར་མཧཱ་ར་ཤ་ཀྲ་མངའ་སྡེའི་ཝར་དཱ་ (Wardha) རྫོང་གི་ས་གནས་གོ་པུར་ (Gopur) ནང་རྟེན་གཞི་བྱས་པའི་གྷན་དིའི་ཤེས་ཡོན་སློབ་གཉེར་ཁང་ (Institute of Gandhian Studies) གིས་གོ་སྒྲིག་ཞུས་པའི་ཆོས་ལུགས་དབར་གྱི་དུས་ཐུང་ཟབ་སྦྱᨕᩏ་ཐོག་མིའི་མི་ཚེའི་ནང་བཟང་ཕྱོགས་དང་ངན་ཕྱོགས་ལ་གོ་བ་ལེན་ཚུལ་དང་འབྲེལ་ཆོས་ལུགས་ཐོག་ནས་ངན་ཕྱོགས་སྤོང་ཐབས་ (Understanding Positive and Negative forces in Human life and Religious Pathways to overcome the Negativities) ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

          དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡༢།༣༠ ཐོག་གྷན་དིའི་ཤེས་ཡོན་སློབ་གཉེར་ཁང་དུ་ཕེབས་འབྱོར་མཚམས། དེ་གའི་འབྲེལ་ཡོད་ལས་བྱེད་རྣམས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་སློབ་གཉེར་ཁང་གི་འགན་འཛིན་ (Dr.Bharat Mahodaya) མཆོག་དང་། དྲུང་ཆེ་ (Dr.Siby Joseph) མཆོག ཚོགས་མི་ (Surender Kumar) བཅས་དང་མཇལ་འཕྲད་གནང་རྗེས། དྲུང་ཆེ་མཆོག་དང་ལྷན་ཕྱི་ལོ་ ༡༩༣༦ ལོར་རྒྱ་གར་རང་བཙན་འཐབ་རྩོད་སྐབས་བདག་ཉིད་ཆེན་པོ་གྷན་དིའི་བཞུགས་གནས་ (Sevagram Ashram) དུ་ཆེད་བཅར་གནང་ཡོད།

          ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སློབ་གཉེར་ཁང་གི་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཐོག་མར་འགན་འཛིན་གྱིས་གཙོས་ཚོགས་བཅར་བ་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། མིའི་མི་ཚེའི་ནང་བཟང་ཕྱོགས་དང་ངན་ཕྱོགས་གོ་བ་ལེན་ཚུལ་དང་འབྲེལ་ཆོས་ལུགས་ཐོག་ནས་ངན་ཕྱོགས་སྤོང་ཐབས་ཀྱི་སྐོར་ལ་གསུང་བཤད་གནང་དོན། མིའི་ལྷན་སྐྱེས་ཀྱི་རང་བཞིན་གཙོ་བོ་བཟང་པོ་དང་བྱམས་བརྩེ་ཡིན་པས། བྱམས་དང་སྙིང་རྗེ། བཟོད་པ་གཙོ་བོར་འཛིན་པའི་ཐོག་དུས་རྟག་ཏུ་ཀུན་སློང་བཟང་པོ་འཁྱེར་དགོས་པ་དང་། དེ་བཞིན་སོ་སོའི་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་དགོས་པ། དགེ་བའི་བཤེས་གཉེན་བསྟེན་པ་སོགས་བསླབ་པ་ཐོས་བསམ་གནང་དགོས་པ་མ་ཟད། རང་ཉིད་ངོས་ནས་སྲེག་བཅད་བརྡར་གསུམ་གྱི་དཔྱད་པ་བྱས་ཏེ་རྒྱུན་དུ་ཉམས་ལེན་ཚུལ་བཞིན་གནང་དགོས་པ། ལས་ཀ་གང་བྱས་ཀྱང་ཀུན་སློང་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པས། དུས་རྟག་ཏུ་ཀུན་སློང་བཟང་པོ་འཁྱེར་ན་རང་བཞིན་གྱི་ངན་ཕྱོགས་དེ་མེད་པ་བཟོ་ཐུབ་་ཀྱི་རེད། བྱས་ཙང་ངན་ཕྱོགས་སྤོང་ཐབས་ལ་བཟང་ཕྱོགས་ཐོག་བསམ་བློ་མང་ཙམ་བཏང་སྟེ་རང་ཉིད་ཀྱི་འཚོ་བའི་ཁྲོད་གོམས་གཤིས་སུ་སྒྱུར་ཐུབ་ན་ངན་ཕྱོགས་རང་བཞིན་གྱི་ཉུང་དུ་འགྲོ་ཡི་རེད། ཕྱོགས་མཚུངས་རང་ཉིད་ཀྱི་མི་ཚེའི་བདེ་སྐྱིད་ཁོ་ན་ཙམ་མིན་པར་གཞན་ཕན་གྱི་བྱ་བ་གང་མང་བསྒྲུབ་ན། དེས་ཀྱང་ངན་ཕྱོགས་སྤོང་ཐབས་ལ་ཕན་རླབས་ཆེན་པོ་ཡོད། ཅེས་གསུངས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་སྙིང་བསྡུས་དང་། སྟོན་པ་ཐུགས་རྗེ་ཆེན་པོའི་གསུང་གི་ནང་དོན་གལ་ཆེ་ཁག་གཅིག་ངོ་སྤྲོད་གནང་རྗེས། ཚོགས་བཅར་བ་རྣམས་ནས་དྲི་བར་འདོན་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

 

          ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར་ཚོགས་ཐེངས་གཅིག་ལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལོ་རྒྱུས་ཐོག་ནས་རྒྱ་གར་དང་བོད་དབར་གྱི་འབྲེལ་བའི་སྐོར་དང་། ད་ལྟའི་བོད་ནང་གི་གནས་བབ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་སྐོར། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད། ཚོགས་བཅར་བ་ཡོངས་ལ་འབྱུང་འགྱུར་བོད་དོན་ཐོག་རྒྱབ་སྐྱོར་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དེ་གའི་སློབ་གཉེར་ཁང་གི་འགན་འཛིན་མཆོག་དང་། དྲུང་ཆེ་མཆོག། དེ་བཞིན་སློབ་འཁྲིད་གནང་མཁན་བཅས་ལ་ཕྱག་རྟགས་ཕུལ་གནང་བ་དང་། དེ་མཚུངས་དེ་གའི་དཔེ་མཛོད་ཁང་དང་ཚོགས་བཅར་བ་ཡོངས་ལ་སྤྱི་འཐུས་ལྷན་ཁང་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཡིག་ཆ་སོགས་ཐུགས་ཞིབ་ཆེད་གནང་ཡོད་འདུག

          ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་རྒྱ་གར་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་པ་སྐུ་ཞབས་དམ་པ་ཨཅཱརྱ་ཝེ་ནོ་བ་ (Acharya Vinoba Bhave) མཆོག་གི་བཞུགས་གནས་ (Paunar Asharam) དུ་ཆེད་བཅར་གྱིས་དེ་གའི་བཞུགས་གནས་ཁང་གི་དྲུང་ཆེ་སྐུ་ཞབས་ (Shri.Gautam Bajaj) མཆོག་དང་། སྐུ་ཞབས་ཨཅཱརྱ་ཝེ་ནོ་བ་མཆོག་གི་སྒེར་གྱི་དྲུང་ཡིག་སྐུ་ཞབས་ (Shri.Balvijay Bhai) མཆོག་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་རྣམ་གཉིས་ནས་ ༸གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་བའི་སྐོར་དང་། བོད་ཀྱི་འཐབ་རྩོད་རྒྱུད་མངའ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། འབྱུང་འགྱུར་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་བཞིན་སྐུ་ཞབས་ཁོང་རྣམ་གཉིས་ནས་མ་འོངས་པར་བོད་དོན་དང་འབྲེལ་བའི་ཡིག་ཆ་གང་མང་གཏོང་གནང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད།

 ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu