དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་མཧཱ་ར་ཤ་ཀྲ་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ།

དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་མཧཱ་ར་ཤ་ཀྲ་མངའ་སྡེའི་ཝར་དཱ་ (Wardha) རྫོང་ཁོངས་ཀྱི་ས་གནས་གོ་པུ་རི་ (Gopuri)  ནང་རྟེན་གཞི་བྱས་པའི་གྷན་དིའི་ཤེས་ཡོན་སློབ་གཉེར་ཁང་ (Institute Of Gandhian Studies) གིས་གོ་སྒྲིག་ཞུས་པའི་ཆོས་ལུགས་དབར་གྱི་དུས་ཐུང་ཟབ་སྦྱོང་ཞིག་ལ་ (Understanding Positive and Negative forces in Human life and Religious Pathways to overcome the Negativities) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་དུ་མགྲོན་འབོད་གནང་བ་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱབ་རྡ་ས་ནས་ལྡི་ལི་བརྒྱུད་ནག་སྤུར་དུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་གྷན་དིའི་ཤེས་ཡོན་སློབ་གཉེར་ཁང་དུ་ཚོགས་བཅར་བ་ཡོངས་ལ་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༩ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །