༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་ཡུ་པི་མངའ་སྡེའི་གྲོང་ཁྱེར་ཧ་པུར་ (Hapur) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་ (International Buddha Education Institute) གི་དཔེ་མཛོད་ཁང་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡༢།༠༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་དུ་ཕེབས་འབྱོར་མཚམས། རྒྱ་གར་ཨུ་ཏྟར་ཁཎྜ་མངའ་སྡེའི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་ཚོགས་མི་དང་། རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་འགན་འཛིན་སྐུ་ཞབས (Rev.L.Ashvaghosh) མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གིས་སྣེ་ལེན་གཟབ་རྒྱས་གནང་ཡོད། དེ་རྗེས་དཔེ་མཛོད་ཁང་དབུ་འབྱེད་ཀྱི་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ནང་པའི་དགེ་འདུན་ཁག་གཅིག་ནས་ཤིས་བརྗོད་གསུང་འདོན་གནང་གྲུབ་བསྟུན། དཔལ་ལྡན་ཚོགས་གཞོན་མཆོག་ནས་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གི་པང་རྡོ་ཞལ་ཕྱེ་གནང་སྟེ་དཔེ་མཛོད་ཁང་དབུ་འབྱེད་གནང་ཡོད་འདུག
དེ་རྗེས་སྐུ་མགྲོན་རྣམ་པ་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཐོག་མར་རྒྱ་གར་དཔྱ་ཁྲལ་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་དང་། རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ (Dr.H.P.Kain) མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འདི་གའི་ཤེས་ཡོན་སློབ་གཉེར་ཁང་གི་འགན་འཛིན་གྱིས་གཙོས་གནད་ཡོད་མི་སྣ་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ང་རང་ནང་པའི་རྒྱལ་སྤྱིའི་ཤེས་ཡོན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་དབུ་འབྱེད་ཀྱི་མཛད་སྒོར་བཅར་ཐུབ་པར་དགའ་པོ་བྱུང་ཞེས་དང་། ཐོག་མར་རྒྱལ་སྤྱིའི་ནང་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་མི་སྒེར་གྱི་གལ་ཆེའི་དངོས་རྫས་དང་དཔེ་དེབ་སོགས་དྲན་རྟེན་དུ་ཉར་གསོག་གནང་ཆེད་དབུ་འཛུགས་པ་ཞིག་ཡིན་པ་དང་། དེ་ནས་ཆོས་ཀྱི་བསྟི་གནས་ཁང་ཁག་གི་ནང་བསླབ་པ་ཐོས་བསམ་གནང་ཆེད་དཔེ་མཛོད་ཁང་དབུ་འཛུགས་གནང་ཡོད། རིམ་བཞིན་དུས་རབས་ ༥ པའི་མཇུག་ལ་དཔེ་མཛོད་ཁང་འདྲ་མིན་གྱི་རྣམ་པའི་ལམ་སྲོལ་བྱུང་ཡོད་པ་དང་། ལྷག་པར་དུས་རབས་ ༡༣ པའི་རྗེས་ནས་ད་ལྟའི་བར་གཞུང་དང་སྒེར་ཚང་མས་དཔེ་དེབ་ཀློག་རྒྱུ་དང་སློབ་གཉེར་གནང་ཆེད་དཔེ་མཛོད་ཁང་སྡེ་ཚན་སྣ་ཚོགས་དུ་དབྱེ་ནས་རྒྱ་བསྐྱེད་གནང་ཡོད། དཔེར་ན་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་དང་། ཉམས་ཞིབ་པའི་དཔེ་མཛོད་ཁང་། དམིགས་བསལ་དཔེ་མཛོད་ཁང་། བྱིས་པའི་དཔེ་མཛོད་ཁང་། མི་མང་གི་དཔེ་མཛོད་ཁང་། སྒེར་གྱི་དཔེ་མཛོད་ཁང་སོགས་རྣམ་གྲངས་མང་པོ་ཡོད། དཔེ་མཛོད་ཁང་དེ་གཙོ་བོ་ཤེས་ཡོན་ཅན་ཚོར་དམིགས་པ་སོང་ཙང་། དེ་འགྲེམས་སྟོན་ཁང་གི་ངོ་བོར་མི་འགྱུར་བའི་སླད་ཤེས་ཡོན་ཅན་ཚོས་རྒྱུན་དུ་དཔེ་མཛོད་ཁང་དུ་ཕེབས་ཏེ་དཔེ་དེབ་ཀློག་རྒྱུ་དང་སློབ་གཉེར་གང་ཐུབ་གནང་དགོས། བྱས་ཙང་འདི་གའི་དཔེ་མཛོད་ཁང་ནང་ལའང་ས་གནས་ཀྱི་ཤེས་ལྡན་པ་ཚོས་བེད་སྤྱོད་གང་ལེགས་གནང་ཐུབ་རྒྱུར་ངོས་འཛིན་ཞུ་ཡི་ཡོད་པ་བཞིན་མ་འོངས་པར་དེ་ལྟར་གནང་ཐུབ་པའི་འབོད་སྐུལ་ཡའང་ཞུ་རྒྱུ་ཡིན།
དེ་རིང་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གནང་བའི་དཔེ་དེབ་ཁག་གཅིག་དང་། བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང། བོད་ཀྱི་ལོ་རྒྱུས། ད་ལྟའི་བོད་ཀྱི་གནས་བབ། བོད་ནང་རང་ལུས་མེར་བསྲེགས་གནང་བཞིན་པའི་གནས་ཚུལ་ངོ་སྤྲོད། བོད་ཀྱི་འཐབ་རྩོད་དང་རྒྱ་གར་གྱི་འབྲེལ་བ་སོགས་ཀྱི་དཔེ་དེབ་ཁག་ལྔ་བཅུ་ཙམ་བོད་ཀྱི་གནད་དོན་མཁྱེན་རྟོགས་སླད་གནང་རྒྱུ་ཡིན་པས་རྣམ་པ་ཚོས་གང་ཐུབ་ཐུགས་ཞིབ་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།
དེ་རིང་ང་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་མཚན་ཐོག་ནས་གདན་ཞུས་གནང་བར་སོང་ཙང་བོད་ཀྱི་ད་ལྟའི་གནས་བབ་ཐོག་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས་ན་བསམ་བྱུང། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་འཛུལ་བྱས་ཏེ་ད་བར་ལོ་ངོ་ ༥༨ ཙམ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དང་། ༸གོང་ས་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་ད་ལྟའི་ཆར་རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་ཡོད་པ་དང་། བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་སྔར་བཞིན་གདུག་རྩུབ་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ལ་བོད་མི་རྣམས་མི་བཟོད་པར་རྒན་གཞོན་བར་གསུམ་དབྱེ་བ་མེད་པར་བོད་ཀྱི་འཐབ་རྩོད་ཆེད་རང་གི་གཅེས་པའི་སྐུ་ལུས་མེར་བསྲེགས་གནང་བཞིན་ཡོད་པ་དང་།
དེ་བཞིན་བོད་དང་རྒྱ་གར་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་ཙམ་མིན་པར་ས་མཚམས་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་སྟབས། ད་ཆ་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་ཀྱི་དཀའ་ངལ་མི་ཉུང་བ་བཟོ་བཞིན་ཡོད་པས། བོད་ཀྱི་དཀའ་རྙོག་སེལ་ཐབས་སླད་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་སྔར་ལྷག་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་།
དམིགས་བསལ་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་དང་། ས་གནས་ཀྱི་རྫོང་སྡེ་ལས་ཁུངས་ནས་བོད་ཀྱི་རྩ་དོན་དང་། ས་གནས་སུ་བོད་མི་དགུན་ཚོང་གནང་མཁན་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་གནང་འདུག་པར་ངས་ཁོང་རྣམས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། སླད་མར་ཡང་མུ་མཐུད་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་གྲུབ་མཚམས་སྐུ་ཞབས་ (Rev.L.Ashvaghosh ) ལགས་ཀྱིས་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་དུ་བོད་ཀྱི་བླ་ཆེན་ཁག་གདན་ཞུ་གནང་བའི་སྐོར་དང་། དཔལ་ལྡན་ཚོགས་གཞོན་མཆོག་དེ་རིང་གདན་ཞུས་ལྟར་ཆེད་ཕེབས་གནང་བར་དགའ་སྤྲོ་བྱུང་བའི་སྐོར། དེ་བཞིན་མ་འོངས་པར་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་སློབ་གཉེར་ཁང་གི་ཚོགས་མི་ཁག་གཅིག་ལ་ལེགས་གསོལ་ཕྱག་རྟགས་གནང་བ་དང་། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་ནས་རྒྱལ་སྤྱིའི་ནང་པའི་སློབ་གཉེར་ཁང་གི་འགན་འཛིན་དང་། འགན་འཛིན་གཞོན་པ་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་རྗེས། རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ངང་མཇུག་བསྒྲིལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །