དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་རྒྱལ་ཡོངས་གྷན་དིའི་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།


༄༅། །ཕྱི་ལོ་༢༠༡༧ ཟླ་ ༡༡ ཚེས་ ༢༥ དང་ ༢༦ གཉིས་ཉིན་རིང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་(HarichanSevakSangh)ཚོགས་པ་ཡིས་བདག་ཉིད་ཆེན་པོ་གྷན་དིའི་ཨ་ཤི་རམ་ (Gandhi Ashram) ནང་ (All India Gandhian Constructive Worker’s Conference) ཞེས་པའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་བའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢༤ ཉིན་རྒྱབ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་འཕྲལ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar) མཆོག་གིས་བཀའ་མངགས་ལྟར་ལྡི་ལིར་ཁོང་གི་སྒེར་དྲུང་ས་ཏི་ཤིས་དར་ (Shri.Satish Dhar) ལགས་དང་མཇལ་འཕྲད་གནང་ཡོད་འདུག ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གྷན་དིའི་ཨ་ཤི་རམ་ལ་ཕེབས་འབྱོར་མཚམས། ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་ཚོགས་གཙོ་དང་། ཚོགས་པའི་རྒྱུན་ལས་ཁག་ཅིག་དང་མཇལ་འཕྲད་དང་ཕན་ཚུན་ངོ་སྤྲོད་གནང་བ་དང་སྦྲགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་ཡིག་ཆ་འགྲེམས་སྟོན་སོགས་གོ་སྒྲིག་གནང་། ཆུ་ཚོད་ ༡༡ པའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་སྲིད་འཛིན་གཞོན་པ་ཨེམ་ཝན་ཀ་མ་ན་ཡ་ཌུ་ (Shri.M.Venkaiah Naidu) མཆོག་དང་མཛད་སྒོ་དབུ་འཛུགས་མ་ཞུས་སྔོན་མཇལ་འཕྲད་གནང་ཡོད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་སྲིད་འཛིན་གཞོན་པ་མཆོག་ཕེབས་གནང་མཛད་པ་དང་། གཞན་ཉིན་གཉིས་ཀྱི་ལྷན་ཚོགས་ནང་གསུང་བཤད་གནང་མཁན་ཆོས་ལུགས་ཁག་གི་བླ་ཆེན་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན། གྲོས་ཚོགས་འཐུས་མི། མཁས་དབང་དང་ལས་འགུལ་བ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ནས་ཆེད་དུ་ཕེབས་པའི་གསུང་བཤད་གནང་མཁན་སོགས་མི་སྣ་ ༡༠༠ ལྷག་ཕེབས་གནང་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་བདག་ཉིད་ཆེན་པོ་གྷན་དིའི་བསྟི་གནས་ཁང་ཁག་དང་། ཨཅཱརྱ་ཝི་ནོ་བ་མཆོག་གི་ཨ་ཤ་རམ་བསྟི་གནས་ཁང་ཁག དི་དི་ནིར་མ་ལ་དྷེ་ཤས་པན་ཌའི་( Smt.Nirmala Deshpande)མཆོག་གིས་རྗེས་འབྲང་པ་བཅས་ཚོགས་བཅར་བ་ཁྱོན་ ༦༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ལྷན་ཚོགས་ཀྱི་ཐོག་མར་རྒྱ་གར་སྲིད་འཛིན་གཞོན་པ་མཆོག་གིས་ལྷན་ཚོགས་ཀྱི་དབུ་འབྱེད་གསུང་བཤད་གནང་ཡོད་པ་དང་། རིམ་བཞིན་ལས་རིམ་ལྟར་བླ་ཆེན་རྣམས་དང་། བློན་ཆེན་རྣམ་པ། གྲོས་ཚོགས་འཐུས་མི་བཅས་ནས་གསུང་བཤད་གནང་གྲུབ་མཚམས། འབྲི་གུང་ ༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་ཡོད་འདུག དེ་ནས་མི་སྣ་གཞན་ཁག་ཅིག་གིས་གསུང་བཤད་གནང་གྲུབ་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་གནང་བ་སྦྲགས་གསུང་བཤད་གནང་དོན། གོང་དུ་གསུང་བཤད་གནང་མཁན་གྱི་མཁས་དབང་རྣམས་པས་བདག་ཉིད་ཆེན་པོ་གྷན་དིའི་མཆོག་དང་། ཨཅཱརྱ་ཝི་ནོ་བ་(VinobaBhave)མཆོག དེ་བཞིན་དི་དི་ནིར་མ་ལ་དེ་ཤས་པན་ཌའི་མཆོག་བཅས་ནས་རྒྱ་གར་གྱིས་གཙོས་འཛམ་གླིང་ནང་འཚེ་བ་མེད་པའི་ཐོག་ནས་སྤྱི་ཚོགས་ཕན་བདེའི་ཕྱག་ལས་གང་དང་གང་གནང་ཡོད་པའི་སྐོར་དང་། དེ་བཞིན་ཁོང་རྣམས་ནས་ལམ་སྟོན་གང་གནང་བ་སོགས་ཞིབ་ཕྲ་གསུངས་གནང་སོང་བར་ངས་བསྐྱར་ལྡབ་ཡང་ལྡབ་མི་དགོས་པ་ཞུ་རྒྱུ་ཡིན། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལྟར། བདག་ཉིད་ཆེན་པོ་གྷན་དིའི་མཆོག་ནས་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་རྒྱ་གར་རང་བཙན་འཐབ་རྩོད་གནང་ཡོད་སྟབས། ད་ཆ་འཛམ་གླིང་ས་ཕྱོགས་ཀུན་དུ་དམ་པ་ཁོང་གི་རྗེས་འབྲང་དུ་མ་ཡོད་པ་དང་། ལྷག་པར་དེ་རིང་ལྷན་ཚོགས་འདིར་ཕེབས་མཁན་རྣམས་ནི་ཁོང་གི་ལམ་སྟོན་གནང་བ་རྣམས་ཉམས་ཞིབ་དང་། ཉམས་ལེན་གནང་མཁན་ཤ་སྟག་ཡིན་པས་ངས་དམིགས་བསལ་འགྲེལ་བརྗོད་ཞུ་མི་དགོས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། བོད་ཀྱི་འཐབ་རྩོད་ཐོག་ལ་ཆ་མཚོན་ན། སྤྱི་ནོར་ ༸ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གིས་བདག་ཉིད་ཆེན་པོ་གྷན་དིའི་འཚེ་མེད་ཞི་བའི་ལམ་སྟོན་ལྟར། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་འཚེ་བ་མེད་པའི་ཐོག་ནས་ཞི་མོལ་གྱི་ཐབས་ལམ་ཉག་ཅིག་ལ་བརྟེན་གནང་བཞིན་ཡོད་པ་རེད།

དེ་རིང་ཁྱེད་རྣམས་རང་དབང་ལུང་པའི་ནང་མཛད་རྗེས་ཅན་དམ་པ་ཁོང་རྣམས་ཀྱི་ལམ་སྟོན་གང་གནང་བའི་ཐོག་བགྲོ་གླེང་གནང་བ་ཙམ་མ་ཡིན་པར། དེ་དག་དངོས་སུ་ནམ་རྒྱུན་འཚོ་བའི་ཁྲོད་ཉམས་ལེན་ཇི་ལྟར་གནང་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག བདག་ཉིད་ཆེན་པོ་གྷན་དིའི་མཆོག་དང་། ཨརྱ་ཝི་ནོ་བ་མཆོག་རྣམ་གཉིས་དངོས་སུ་མཇལ་རྒྱུའི་གོ་སྐབས་མི་བྱུང་ཡང་། ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་རྩ་དོན་ཐོག་རཱ་ཇ་གྜ་རུ་ཟླ་དྲུག་ལས་འགུལ་ཞིག་སྤེལ་བའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་དུ་དམ་པ་ཁོང་གཉིས་ཀྱི་ཉེ་བའི་རྗེས་འབྲང་དི་དི་ནིར་མ་ལ་དེ་ཤས་པན་ཌ་མཆོག་གདན་ཞུས་གནང་སྐབས་མཇལ་རྒྱུ་བྱུང་བ་དང་། སྐབས་དེར་ཁོང་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གྱིས་བཀའ་སློབ་གསུང་བཤད་གནང་བ་མ་ཟད། དེ་ནས་བཟུང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་ཡོད། ལྷག་པར་༸ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ཡང་མཇལ་འཕྲད་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལྡི་ལར་ཕེབས་སྐབས་ཁོང་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད།

ཁོང་ནས་རྒྱ་གར་གྲོས་ཚོགས་ནང་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་རྒྱ་གར་གཞུང་ནས་རྒྱབ་སྐྱོར་གནང་དགོས་པའི་གྲོས་འཆར་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་ས་རྟགས་བཀོད་པ་གྲོས་ཚོགས་སུ་ཕུལ་གནང་ཡོད་པ་མ་ཟད། དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་དཀའ་ངལ་ཅན་གྱི་མི་རིགས་དང་དེ་བཞིན་བོད་ཀྱིས་གཙོས་རྒྱལ་ཁབ་གཞན་ལའང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དུས་དང་རྣམ་པ་ཀུན་དུ་ཁོང་གི་གཟིམ་ཤག་ནི་མི་མང་གི་ནང་ལྟ་བུ་ཞིག་ཏུ་མཇལ་རྒྱུ་ཡོད།

ང་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པས། ངས་བོད་ཀྱི་ད་ལྟའི་གནས་སྟངས་ཡོངས་རྫོགས་དེ་རིང་ཞུས་ཐུབ་ཐབས་ཡོད་མ་རེད་ལ། དུས་ཚོད་ཀྱིས་ཀྱང་འདང་གི་མ་རེད། འོན་ཀྱང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གང་མང་གནང་བར་དེ་རིང་གོ་སྐབས་འདིིའི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་མུ་མཐུད་ཁྱེད་རྣམས་ནས་སོ་སོའི་ས་གནས་སུ་བོད་དོན་ཐོག་རྒྱ་ཆེ་གོ་རྟོགས་སྤེལ་གནང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།


དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ་བཅས་ཀྱི་གནས་ཚུལ་དུ། །