དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ (Ram Lila Ground) ཐང་ཆེན་དུ་ (Swadesh Jagaran Manch) ཞེས་པའི་ཚོགས་པ་ཡིས་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ནས་ལོ་གཅིག་ཧྲིལ་པོར་འཁོར་བའི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་འབྲེལ་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་ལས་འགུལ་སྤེལ་ནས་ལོ་གཅིག་ཧྲིལ་པོར་འཁོར་བའི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་དུ་ཕེབས་ཏེ་གསུང་བཤད་གནང་རྒྱུ་དང་། དེའི་སྐབས་རྒྱ་གར་རྒྱལ་ཡོངས་ནས་མཁས་དབང་དང་། ཆབ་སྲིད་པ། ཚོང་པ། དམག་མི་ཟུར་པ། ལས་འགུལ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་མཉམ་ཞུགས་གནང་འཆར་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།