དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་དང་བོད། རྒྱ་ནག་དབར་གྱི་དཀའ་རྙོག་དང་དེ་སེལ་ཐབས་ཀྱི་ཐབས་ལམ་ཐོག་གི་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད།

 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ ཉིན་མེག་གྷན་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭ་རུ་ Himalaya Pariwar ,Himachal Pradesh ཞེས་པའི་ཚོགས་པ་ཡིས་རྒྱ་གར་དང་བོད། རྒྱ་ནག་དབར་གྱི་དཀའ་རྙོག་དང་དེ་སེལ་ཐབས་ཀྱི་ཐབས་ལམ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད།

          དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Prof.Prem Kumar Dhumal མཆོག་དང་།  དེ་བཞིན་བགྲོ་གླེང་གི་གསུང་བཤད་གནང་མཁན་གཙོ་བོ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐུ་ཞབས་ Indresh Ji མཆོག གཞན་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་ Shri Kishan Kapoor མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་། ས་གནས་བོད་རིགས་དང་རྒྱ་གར་མི་མང་བཅས་ཁྱོན་མི་གྲངས་ ༥༠ ལྷག་ཕེབས་པའི་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྣང་གསལ་ཞལ་འབྱེད་དང་། དེ་ནས་སྤྱི་ཚོགས་སྤྱི་ཡོངས་ནང་ཞབས་ཕྱི་ཧུར་ཐག་ཞུ་མཁན་ས་གནས་བོད་མི་དང་། རྒྱ་གར་བ་ཁག་ཅིག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་གནང་ཡོད།

          དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་བོད་མིའི་འཐབ་རྩོད་ཐོག་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སོགས་ཀྱི་གནད་དོན་དུས་ནམ་ཡང་གསལ་མི་ཐུབ། བྱས་ཙང་རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་དང་།

          དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་བ་གསུམ་ཡོད་པ་དེ་རྣམས་ནི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཡིན་པ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་ཚོགས་གནང་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་ཚོགས་གནང་ཡོད་པ། དེ་བཞིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་རྒྱ་གར་ནང་འགོ་འཛུགས་གནང་བའི་སྐོར་གསུངས་གནང་ཡོད་པ་མ་ཟད། བོད་དང་རྒྱ་གར་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད།

          བགྲོ་གླེང་གི་གསུང་བཤད་གནང་མཁན་གཙོ་བོ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐུ་ཞབས་ Indresh Ji མཆོག་གིས་བོད་ཅེས་པའི་རྒྱལ་ཁབ་ནི་ཆོས་དང་ཞི་བདེའི་ལྟེ་གནས་ཤིག་ཡིན་པ་དང་། འདས་པའི་རྒྱ་དཀར་ནག་དབར་བྱུང་བའི་ལོ་རྒྱུས་ཀྱི་གནས་ཚུལ་འགའ་ཤིག་གླེང་རྗེས། བོད་ནི་རྒྱ་གར་གྱི་རང་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་ལས་རྒྱ་ནག་མིན་པ་དང་། བོད་ས་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཧམ་བཟུང་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་རྩ་མེད་བཟོ་བཞིན་ཡོད་པ་དང་། ཕྱོགས་མཚུངས་དྲག་གནོན་གྱིས་དམར་པོའི་རིང་ལུགས་སྤེལ་བཞིན་ཡོད། ཅེས་དང་། དེང་སང་རྒྱ་ནག་རྒྱལ་ཁབ་ནི་སྲིད་དབང་སྒེར་འཛིན་གྱི་རིང་ལུགས་དང་། དམར་པོའི་རིང་ལུགས། དྲག་གནོན་གདུག་རྩུབ་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས། དེ་བཞིན་རྒྱ་ནག་གཞུང་གིས་དམག་མི་དང་། རྒྱུག་ཆུ་སོགས་ཀྱི་ཐོག་ནས་རྒྱ་གར་གྱི་ཞི་བདེར་དུས་རྟག་ཏུ་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་དུས་ཆེན་སྐབས་རྒྱ་ནག་གི་དངོས་ཟོག་ཉོ་རྒྱུར་མི་མང་ནས་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། བོད་རྒྱལ་ཁབ་ཀྱི་བདག་དབང་ནི་བོད་མི་ཚོར་ཡོད་པས། བོད་མི་ཚོས་རང་བཙན་དང་། དབུ་མའི་ལམ་གྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གང་རྩོད་ཀྱང་ཁོ་ཚོའི་འདོད་པ་ཡིན་ཞེས་གསུངས་པ་བཅས་ཀྱི་གནས་ཚུལ་དུ། །

Menu