དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་ལས་རིམ་ཁག་ལེགས་པར་གྲུབ་པ།

༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་ཆུ་བཞི་སྒང་དྲུག་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་། དེ་བཞིན་རྒྱ་གར་གྱི་བློན་ཆེན་ཁག་ཅིག་མཇལ་འཕྲད་ཀྱི་ལས་རིམ་ཁག་ལེགས་གྲུབ་གནང་ཡོད།

དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༩ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་ལྡི་ལིར་ཕེབས་འབྱོར་གནང་རྗེས་ཕྱི་དྲོ་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཧ་རི་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་ (Swami Agnivesh) མཆོག་དང་། འབྲུག་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ (Resident Coordinator) སྐུ་ཞབས་ (Gerald Daly) མཆོག རྒྱ་གར་ (JDU) སྲིད་དོན་ཚོགས་པའི་འཛིན་སྐྱོང་དྲུང་ཆེ་ (Mithilesh Prasad) མཆོག དེ་བཞིན་ (JDU) གཞོན་ནུའི་ཚོགས་གཙོ་ (Sanjay Kumar) བཅས་དང་མཇལ་འཕྲད་ཀྱིས་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་སྙན་གསན་ཞུས་གནང་བ་དང་། དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་རྒྱ་གར་གྱི་བློན་ཆེན་ཟུར་པ་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Shri Sharad Yadav) མཆོག་དང་མཇལ་འཕྲད་གནང་བ་དང་ཆབས་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དཔེ་དེབ་ཁག་ཅིག་ཁོང་ལ་ཕུལ་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་ཀྱི་རྒྱལ་ཡོངས་མང་གཙོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་ཐོག་སྲིད་དོན་ཚོགས་པ་གསར་འཛུགས་དགོས་གལ་གྱི་བཀའ་སློབ་གསུང་གི་བདུད་རྩི་ཕེབས་གནང་མཛད་པ་བཞིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཀྱི་འགན་ཁུར་འོག་ཕྱི་ལོ་ ༡༩༩༤ ཟླ་ ༩ པའི་ཚེས་ ༢ ཉིན་སྲིད་དོན་ཚོགས་པ་དངོས་སུ་གསར་འཛུགས་གནང་ཡོད་པ་དང་། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་པ་ནས་ད་བར་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་དང་། བོད་ཀྱི་རྩ་དོན་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད་སྤྱི་ཚོགས་ཞབས་ཞུའི་ལས་དོན་སོགས་ལའང་ཞབས་འདེགས་རླབས་པོ་ཆེ་གྲུབ་གནང་ཡོད། ཅེས་གསུངས།

ཕྱོགས་མཚུངས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༦༠ ཡི་ལོ་འགོར་གནས་མཆོག་རྡོ་རྗེ་གདན་དུ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་ཁ་གསུམ་དང་། ཆོས་ལུགས་སོ་སོ་ནས་འཐུས་མི་འོས་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་བ་བཞིན། ལོ་དེའི་ཟླ་ ༩ པའི་ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་བསྐོ་གཞག་གནང་ཡོད། དེ་ནི་མང་གཙོ་དབུ་བརྙེས་པ་དང་། དེ་ནས་རིམ་བཞིན་མང་གཙོའི་འཕེལ་རིམ་དང་། ད་བར་བཙན་བྱོལ་བོད་མིའི་མང་གཙོའི་ནང་འགྱུར་ལྡོག་གང་བྱུང་བ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ཡིན་ཞེས་དང་། དེ་ནས་ལོ་དུས་སོ་སོ་དང་སྤྱི་འཐུས་སྐབས་སོ་སོའི་ནང་མང་གཙོའི་འཕེལ་རིམ་གྱི་འགྱུར་ལྡོག་གང་བྱུང་ཡོད་པ་རྣམས་ཀྱི་ཐོག་འགྲེལ་བཤད་ལྷུག་པོ་གནང་ཡོད་པ་མ་ཟད་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་འཛུགས་ཚགས་ཚུད་དང་སྲ་བརྟན་ཡོང་སླད་འགན་ཁུར་བ་ཡོངས་ནས་བབས་ལྷིང་བརྟན་གསུམ་གྱི་ཐོག་ནས་ལས་འགན་གྲུབ་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་རྒྱ་གར་བློན་ཆེན་(Shri Shiv Pratap Shukla,Minister of State of Finance) མཆོག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ་དང་། རྒྱ་གར་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ (N.k.Trika) མཆོག་བར་ལམ་སྐུ་གཟུགས་བདེ་མིན་བྱུང་ནས་ད་ཆ་ཅུང་ཟད་དྲག་བསྐྱེད་བྱུང་ཡོད་སྟབས་ཁོང་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས་སྐུ་ཞབས་ཁོང་གིས་མུ་མཐུད་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་ཆེན་པོའི་ངང་ནས་དགོངས་ཚུལ་དང་ལམ་སྟོན་གནང་ཡོད་འདུག  ཉིན་རྒྱབ་ (Mahabodhi Society of India) ཀྱི་ཟུང་དྲུང་ (Ven. R.Sumiththananda Thero) མཆོག་དང་། ཕྱི་དྲོ་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ (Gajendera Singh Shekhawat,Minister of State of Agriculture&Family Welfare) དང་། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བློན་ཆེན་ (Shri.Ashwini Kumar Choubey,Minister of State of Health& Family Planning) མཆོག་དང་། དེ་རྗེས་ (JDU) ཡི་སྤྱི་ཁྱབ་དྲུང་ཆེ་ (Shri.Arun Srivastav,) མཆོག་བཅས་དང་། མཇལ་འཕྲད་གནང་གྲུབ་མཚམས་ལྡི་ལི་ནས་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

རྒྱ་གར་བློན་ཆེན་ (Shri.Ashwini Kumar Choubey,Minister of State of Health& Family Planning) མཆོག

 

རྒྱ་གར་བློན་ཆེན་(Shri Shiv Pratap Shukla,Minister of State of Finance) མཆོག

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ་དང་། རྒྱ་གར་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ (N.k.Trika) མཆོག

Menu