དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་རོགས་ཚོགས་ (USAID) ཀྱི་ལས་གཞིའི་འགན་འཛིན་གཞོན་པ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་ཨ་རིའི་རོགས་ཚོགས་ (USAID) ཀྱི་ལས་གཞིའི་འགན་འཛིན་གཞོན་པ་ལྕམ་སྐུ་ཨེ་ལེ་ཛན་ཌི་རིཡ་ ཧུར་ཊ་ (Deputy Mission Director Alexandria Huerta) མཆོག་དང་། ལས་བྱེད་བྷ་ལ་ཀཱ་ ཌེ་ (Balaka Dey) ལགས། རཱ་དྷ་ར་ནི་ ཐ་ཀུ་རེཡ་ (Radharani Thakuria) ལགས། བསྟན་འཛིན་ནོར་བཟང་ལགས། གྷེརེ་སི་ ཧྭ་ (Grace Hwa) ལགས་བཅས་དང་ལྷན་མཇལ་འཕྲད་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་རོགས་ཚོགས་ (USAID) ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་སླད་ད་བར་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོོན་སྐོར་ངོ་སྤྲོད་དང་། ཐབས་བྱུས་འཆར་གཞིའི་ཡིག་ཆ་ཕུལ་གནང་འདུག

ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁྲིམས་འཆར་དེས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཡོད་གནས་དང་། དེ་བཞིན་འཛམ་གླིང་རང་དབང་ཅན་གྱི་རྒྱལ་ཁབ་གཞན་ཚོ་ལའང་མིག་དཔེ་བསྟན་གྱི་ཡོད་སྐོར་གསུངས་འདུག

མུ་མཐུད་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཚོགས་ཆེན་མཇུག་བསྒྲིལ་རྗེས། རིམ་པས་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་སོགས་ཚོགས་ཆེན་གྱི་གྲུབ་འབྲས་སྐོར་གསུངས་འདུག

ཨ་རིའི་རོགས་ཚོགས་ (USAID) ཀྱི་ལས་གཞིའི་འགན་འཛིན་གཞོན་པ་ལྕམ་སྐུ་ཨེ་ལེ་ཛན་ཌི་རིཡ་ ཧུར་ཊ་ (Deputy Mission Director Alexandria Huerta) མཆོག་གིས་ད་རེས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་བ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་མཁྱེན་རྟོགས་ཟབ་མོ་བྱུང་སྐོར་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གལ་གནད་ཆེ་བའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་ཞུ་གི་ཡོད་པའི་སྐོར་སོགས་གསུངས་གནང་འདུག

གཞན་ཡང་མཇལ་འཕྲད་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། རྒྱ་གར་ནང་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོར་གསར་གཏོད་ཀྱི་ལམ་ནས་གོ་སྐབས་ཇི་ལྟར་བསྐྲུན་དགོས་མིན་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོར་གནང་རྗེས། སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་གནང་འདུག སྐབས་དེར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་བྱེད་ལྷན་བཅར་ཞུས་ཡོད་པ་བཅས།