དཔལ་ལྡན་ཚོགས་གཞོན་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཨིན་ཡིག་ཐོག་བརྩམས་གནང་བའི་ “ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས།” ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཨིན་ཡིག་ཐོག་བརྩམས་གནང་བའི་ ”ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས།” ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སོགས་ཕེབས་འདུག

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྐུ་ངོ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་རབས་རྗེས་མའི་ཆེད་ལོ་རྒྱུས་ཉར་ཚགས་དང་། རང་ཉིད་ཀྱི་ཕྲུ་གུའི་ཆེད་ཨིན་ཡིག་ཐོག་རང་རྣམ་ “ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས།” ཞེས་པའི་ཕྱག་དེབ་འདི་བྲིས་གནང་བར་ལེགས་སོའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག སྐུ་ངོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་ཐོག་མར་རྒན་དྲུང་གནས་རིམ་ཐོག་སྐད་བསྒྱུར་གྱི་སྲི་ཞུ་ཞུས་པ་དང་། དེ་ནས་ཐེག་པ་རིམ་འཛིགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་གི་བཀའ་བློན་གནང་སྟེ་བོད་དོན་ཆེད་ཕྱག་ལས་རྒྱ་ཆེ་གནང་ཡོད་པའི་སྐོར་དང་། སྐུ་ངོ་མཆོག་གིས་གཞུང་དོན་ཕྱག་ལས་གནང་བའི་སྐབས་སྐུ་ཟླ་བདེ་སྐྱིད་ལགས་ཀྱིས་གཙོས་པའི་ཁོང་གི་ཁྱིམ་ཚང་ནས་ཀྱང་དེ་མཚུངས་བློས་གཏོང་ཆེན་པོ་གནང་བའི་སྐོར་གསུངས་པ་དང་། དེ་བཞིན་མི་རབས་གཞོན་པ་ཚོས་ཁོང་གི་བྲིས་གནང་བའི་ཕྱག་དེབ་འདི་རྒྱུས་ལོན་བྱས་ནས་བོད་མིའི་འཐབ་རྩོད་ཐོག་སོ་སོའི་ནུས་པར་དཔག་པའི་བློས་གཏོང་ཐུབ་པའི་བློ་སྤོབས་རྙེད་ཐུབ་པ་ཞིག་དང་། བོད་ཀྱི་ཉག་ཕྲ་བའི་དུས་ཚོད་འདིར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས། མང་གཙོ་བཅས་སྲ་བརྟན་ཡོང་ཐབས་གནང་དགོས་སྐོར་སོགས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་།  བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཕེབས་བསུ་དང་། དཔེ་དེབ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བརྩམས་དེབ་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།