དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྱི་ཕྱི་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པ་རྒན་པ་གསུམ་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྒྱ་གར་གྱི་ཕྱི་འབྲེལ་གསར་འགོད་མཐུན་ཚོགས་ (Indian Association of Foreign Affairs Correspondents (IAFAC)) ཞེས་པའི་ཚོགས་མི་རྒྱ་གར་ཧིན་རྡུ་གསར་ཤོག་གི་རྩོམ་སྒྲིག་པ་ལྕམ་སྐུ་སུ་ཧ་སི་ནི་ ཧེ་ཌར་ (Suhasini Haider) ལགས་དང་། ཚོགས་མི་རྒྱ་གར་ (ABP Live) གསར་ཁང་གི་རྩོམ་སྒྲིག་པ་ལྕམ་སྐུ་ན་ཡ་ནི་མ་ བྷ་སུ་ (Ms. Nayanima Basu) ལགས། ཚོགས་མི་སྐུ་ཞབས་ས་ཆིན་ བྷུ་ཌའོ་ལེཡ་ (Sachin Bhudhaulia) ལགས་བཅས་གསུམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཁོང་རྣམས་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས། ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་འདིས་བོད་དོན་ཐོག་དོ་སྣང་དང་གདུང་སེམས་མཉམ་སྐྱེད་ཡོད་པ་མཚོན་གྱི་ཡོད་པ་དང་། དེས་རྒྱ་ནག་དམར་གཞུང་ལ་བོད་དོན་ཐོག་བོད་མི་ཙམ་མིན་པར་དྲང་བདེན་ལ་དགའ་མཁན་ཚོས་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་པའི་སྐོར་དང་། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་སོ་ལྟའི་པར་ཆས་གང་སར་བཙུགས་ཏེ། བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར། བོད་ནང་བྱིས་པ་ས་ཡ་གཅིག་མན་ཙམ་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་མིའི་རིགས་རྫས་ (DNA) བསྡུ་ལེན་བྱས་དང་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྤྱི་དང་།

དེ་བཞིན་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་གིས་བོད་ནང་ཚད་ལས་འདས་པའི་ཤིང་ནགས་གཅོད་འབྲེགས་དང་། བོད་ནས་རྒྱ་གར་གཙོས་ལྷོ་ཤར་ཨེ་ཤེ་ཡའི་ནང་བབས་པའི་རྒྱུགས་ཆུ་རྣམས་ལ་ཆུ་མཛོད་མང་པོ་བརྒྱབ་ནས་ཆུ་ཁ་བསྒྱུར་ཐབས་སོགས་བྱེད་ཀྱི་ཡོད་པའི་སྐོར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་མ་བྱས་པའི་སྔོན་ལ་ཧིན་བོད་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་གཏན་ནས་མེད་པ་དང་། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་རྒྱ་གར་གྱི་ས་མཚམས་ལ་རྒྱ་དམར་གཞུང་གིས་ཡང་ཡང་དཀའ་ངལ་བཟོ་བཞིན་ཡོད་གནས། བོད་མིའི་སྒྲིག་འཛུགས་ངོས་ནས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། ཁོང་རྣམ་པས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་སྐོར་དང་། བོད་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་སྐོར་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞི་རྩའི་ཁོང་རྣམས་བཞུགས་སྒར་རྡ་སར་ཕྱི་ཚེས་ ༢༤ ནས་ ༢༧ བར་བོད་ཀྱི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་རྒྱུས་མངའ་དང་། མཁྱེན་རྟོགས་སླད་ཕེབས་གནང་ཡོད་འདུག མཇལ་འཕྲད་སྐབས་སྐུ་མགྲོན་རྣམས་དང་ལྷན་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་ཐུབ་བསྟན་རིག་འཛིན་ལགས་དང་། ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག་པ་བཅས།