༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་རྡ་ས་ས་གནས་འགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་ནང་དབུས་གཙང་དབུས་རྒྱུན་ལས་ཁང་དང་། རྡ་ས་ས་གནས་དབུས་གཙང་རྒྱུན་ལས་ཐུན་མོང་གིས་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་སོགས་ནས་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཨིན་ཡིག་ཐོག་རྩོམ་སྒྲིག་གནང་བའི་མི་ཚེའི་ལོ་རྒྱུས་ “ངའི་བོད་ཀྱི་བུ། སེམས་ཤུགས་མ་ཆག” (My Son of Tibet-Never Give Up!) ཅེས་པའི་ཕྱག་དེབ་དབུ་འབྱེད་གནང་སོང་།
སྐབས་དེའི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས། དྲུང་ཆེ་ཟུར་པ་སྟོབས་རྒྱལ་ཚེ་རིང་ལགས། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། ས་གནས་མང་ཚོགས་བཅས་ཕེབས་འདུག
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ཕྱག་དེབ་འདིར་གཟིགས་པ་ཡིན་ན། “ངའི་བོད་ཀྱི་བུ། སེམས་ཤུགས་མ་ཆག” ཅེས་པའི་ཕྱག་དེབ་འདིའི་ནང་ཁོང་གི་དྲིན་ཆེན་ཨ་མ་ལགས་ཀྱིས་བཀའ་སློབ་གནང་བ་དེ་ཁོང་གིས་ཐུགས་ལ་བཞག་པའི་ཐོག་ནས་སློབ་གྲྭ་འགྲིམ་པ་ནས་བཟུང་ད་བར་གྱི་མི་ཚེའི་ནང་སྐུ་ལས་བསྐྱོན་ཏེ། དཀའ་ངལ་ཁག་ལ་གདོང་ལེན་གནང་བསྡད་པ་ཞིག་ཆགས་བསྡད་འདུག དེས་གང་སྟོན་གྱི་ཡོད་རེད་ཟེར་ན། ང་ཚོ་མང་ཆེ་བ་ཕ་མ་ཆགས་བསྡད་དུས། ཕ་མ་ཚོས་སོ་སོའི་ཕྲུ་གུའི་མི་ཚེའི་མདུན་ལམ་ཐོག་བསླབ་བྱ་བརྒྱབ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། ཕ་མས་གང་ཤེས་པ་དེ་བརྒྱུད་ནས་ཕྲུ་གུའི་བསམ་དོན་འགྲུབ་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་ཡོད་པ་དེ་དང་པོ་ཆགས་ཀྱི་ཡོད་རེད། ང་ཚོ་ཚང་མ་ཕ་མ་ཡིན་པའི་ཆ་ནས། སོ་སོའི་ཕྲུ་གུར་རང་མི་རིགས་ཀྱི་ཁྱད་ཆོས་གང་ཡོད་པ་དང་། གནས་སྟངས། ལོ་རྒྱུས། ལར་ཞེན་སོགས་སློབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད།
གཉིས་པ་དེ་ལ། འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་བོད་དོན་ཆེད་སྐུ་ལས་བསྐྱོན་པའི་སྐབས་ལ། རྒྱ་གར་ནས་ཕྱི་རྒྱལ་ལ་བོད་མི་གཞིས་སྤོས་ཀྱི་ལས་གཞི་འགོ་འཛུགས་མེད་པ་མ་ཟད། སྐབས་དེ་དུས་བཙན་བྱོལ་ནང་གི་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་རེད། དེང་སང་བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་ཡོད་པ་དང་། དེས་རྐྱེན་པས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་བཟང་དུ་འགྲོ་གི་ཡོད་ཀྱང་། ཕ་མ་ཚོས་དཔལ་འབྱོར་གསོག་འཇོག་གནང་བ་དེ་བཞིན་ཕྲུ་གུའི་ཤེས་ཡོན་ཆེད་འགྲོ་སོང་གཏོང་གི་ཡོད་དམ་མེད། ཁོང་མི་གཅིག་གིས་བོད་ནང་སློབ་གྲྭ་བརྒྱ་དང་བརྒྱད་བཙུགས་ནས་གཞིས་བཞུགས་བོད་མི་ཚོའི་བུ་ཕྲུག་ཁྲི་ཕྲག་མང་པོར་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཡོད་པ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་ཕ་མ་ཚོས་སོ་སོས་དཀའ་ལས་བརྒྱབ་པའི་དངུལ་ནས་ཕྲུ་གུའི་ཤེས་ཡོན་ཆེད་དུ་ཇི་ཙམ་གསོག་འཇོག་བྱེད་ཀྱི་ཡོད་དམ། དེང་སང་སྤྱིར་ཤེས་ཡོན་གྱི་འགྲོ་གྲོན་དང་། ལྷག་པར་དུ་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་སོགས་དེ་བས་འགྲོ་སོང་ཆེན་པོ་ཆགས་བསྡད་ཡོད་དུས། དེ་ཚོའི་ཐོག་ལ་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་བསྡད་ཀྱི་འདུག
གསུམ་པ་དེ་ལ། སྤྱིར་ང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་ཡོད་མཁན་མང་པོ་ཞེ་དྲག་ཡོད་རེད། འོན་ཀྱང་ཁོང་ནང་བཞིན་ཕོད་པ་གསུམ་ལྡན། ཁོང་བོད་ལ་ཕེབས་དུས། སྐབས་དེ་དུས་བོད་རྗེས་ལུས་ཀྱི་རྣམ་པ་གཟིགས་ནས་དྲིན་ཆེན་ཨ་མའི་བཀའ་སློབ་གང་གནང་བ་གཞིར་བཟུང་། མི་རིགས་ཀྱི་ལ་རྒྱ་དང་། བརྩེ་སེམས་ཡོད་པའི་ཐོག་ནས་རང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུའི་འདུན་པ་ཤུགས་ཆེ་སྐྱེས་པ་ལྟར། དངོས་སུ་དཀའ་ཚེགས་ལ་ཞུམ་པ་མེད་པ་ཐོག་ནས་ཕྱག་ལས་གནང་བ་དེ་བཞིན་ཕོད་པ་གསུམ་ལྡན་ཞིག་ཆགས་ཀྱི་ཡོད་ཅིང་། ཚང་མས་ཁོང་གི་མཛད་རྗེས་ལ་མིག་དཔེ་བླངས་དགོས་པ་དང་། ལྷག་པར་དུ་རྒྱུ་ནོར་ཡོད་མཁན་རྣམས་ཀྱིས་དེ་བས་སོ་སོའི་རྒྱལ་ཁབ་དང་། མི་རིགས་ཀྱི་ཐོག་ལ་གང་དང་གང་གནང་དགོས་ཀྱི་ཡོད་པའི་ཐོག་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་མིག་དཔེ་བླངས་ཐུབ་དགོས་པ། དེ་རིང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་རྗེས་སུ་ཡི་རངས་དང་། བསྔགས་བརྗོད་ཞུ་རྒྱུ་ཙམ་མ་ཡིན་པར། ང་ཚོའི་ངོས་ནས་བསླབ་བྱ་ཞིག་བླངས་ཐུབ་པ་ཡིན་ན། དེ་རིང་འདིར་འཛོམས་པའི་དགོས་དོན་ཞིག་གྲུབ་པ་རེད་བསམ་གྱི་འདུག
མཐའ་དོན། འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་ད་བར་བོད་ནང་བོད་མི་རིགས་ཀྱི་ཤེས་ཡོན་ཆེད་ཕྱག་ལས་གཞི་རྒྱ་ཆེན་པོ་གནང་བ་དང་། ཁོང་གི་ཕྱག་ལས་ལ་སྐུ་ཟླ་དོན་གྲུབ་སྒྲོལ་མ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ང་རང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ནས་སྐུ་ཚེ་ཧྲིལ་པོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་བོད་མི་རིགས་དང་། བསྟན་སྲིད་སླད་དུ་སྐུ་ལས་བསྐྱོན་གནང་བར་བཀའ་དྲིན་རྗེས་དྲན་དང་། ཆེ་བསྟོད་སླད་མི་ཚེ་དོན་ལྡན་གྱི་གཟེངས་རྟགས་ཕུལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ལ་པོད་གསུམ་ཡོད་པའི་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་ཕུལ་བ། དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ལགས་ཀྱིས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ལ་དབུར་བསྟོད་སྲོང་བཙན་མལ་གྲོ་གུང་དཀར་སྐྱིད་སྡུག་གི་ཕྱག་རྟགས་བཅས་ཕུལ་སོང་།
སྐབས་དེར་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཚང་མས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། ལྷག་པར་དུ་༧མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་གཞིར་བཟུང་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ཕྱག་ལས་གནང་དགོས་སྐོར་གྱི་གསུང་བཤད་གནང་ཡོད་པ་བཅས། །