དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་གཞོན་སྐྱེས་ཤིག་དང་ཐུག་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༤༥ ཐོག་རྒྱ་ནག་གི་གནད་དོན་སྤྱི་དང་། ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་ཉམས་ཞིབ་གནང་མཁན་ (Red Lantern Analytica) ཞེས་པའི་ཚོགས་པའི་ཚོགས་མི་སྐུ་ཞབས་ཨ་ཀཱ་ཤ་ (Aakash) ལགས་དང་ལྷན་ཐུག་འཕྲད་གནང་ཡོད།


དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱ་གར་རྒྱལ་ཡོངས་ནང་ཞུ་སྐུལ་གྱི་ལས་འགུལ་བརྒྱུད་བོད་ཀྱི་གནད་དོན་ཁྱབ་སྤེལ་གནང་དགོས་པ་གལ་ཆེ་ཡིན་པའི་སྐོར་གསུངས་པ་དང་། ཉམས་ཞིབ་པ་ཨ་ཀཱ་ཤ་ལགས་ནས་རྒྱ་གར་སྲིད་དོན་ཚོགས་པ་འདྲ་མིན་གྱི་མི་སྣ་ཐུག་འཕྲད་གནང་རྒྱུ་གལ་ཆེ་ཡིན་སྐོར་དང་། དེ་བཞིན་སླེབས་ལ་ཉེ་བའི་རྒྱ་གར་དགུན་ཁའི་གྲོས་ཚོགས་འཚོགས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་དང་འབྲེལ། ལྡི་ལི་མཐོ་སློབ་ཁག་གི་ནང་བོད་མིའི་ལོ་རྒྱུས་ངོ་སྤྲོད་གནང་རྒྱུའི་གོ་སྐབས་ལེན་ཚེ་དགེ་མཚན་ཆེ་སྐོར་དང་། ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཞུ་རྒྱུར་རོགས་ཕན་ཞུ་ཐུབ་པའི་སྐོར་གསུངས་གནང་ཡོད་པ་བཅས། །