༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་། དེ་བཞིན་རྒྱ་གར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་ལོ་ངོ་ ༧༥ འཁོར་བའི་ཉིན་མོ་བཅས་སྲུང་བརྩིའི་སླད། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་གྱི་དགོང་མོ་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ཨི་ལི་སི་ཀ་ ཛི་གྷོ་ཝ་ (Dr. Eliska Zigova) མཆོག་དང་། སྐུ་ཞབས་པི་ཊར་ ཛི་གྷ་ (Mr. Petr Ziga) མཆོག་རྣམ་གཉིས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་སྐབས་དེའི་ལས་རིམ་ཐོག་རྒྱ་གར་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མི་ནཀ་ཤི་ ལེ་ཀི་ (Smt. Meenakshi Lekhi) མཆོག་དང་། གཞན་ཡང་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་ཆེན་མོ། གཞུང་གི་མཐོ་རིམ་ལས་བྱེད་དང་། གནད་ཡོད་མི་སྣ་སོགས་ཆེད་ཕེབས་གནང་ཡོད་འདུག
དེ་ཉིན་དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་གསོལ་སྟོན་གྱི་ལས་རིམ་གྱི་འགོ་འཛུགས་ཏེ། སྐུ་མགྲོན་རྣམ་པའི་དབར་ཕན་ཚུན་ངོ་སྤྲོད་དང་བཀའ་བསྡུར་ལྷུགས་པོ་གནང་འདུག་པ་དང་། དགོང་དྲོ་ཆུ་ཚོད་ ༨ པའི་ཐོག་ཚང་མ་སྐུ་བཞེངས་ཐོག་རྒྱ་གར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ཨི་ལི་སི་ཀ་ ཛི་གྷོ་ཝ་མཆོག་དང་། རྒྱ་གར་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་མི་ནཀ་ཤི་ ལེ་ཀི་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་དབར་ལོ་རྒྱུས་ཐོག་འབྲེལ་བ་ཇི་ལྟར་འགོ་འཛུགས་པ་དང་། ད་བར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག
གཞན་ཡང་དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་ཚབ་དང་། དེ་བཞིན་ཕིན་ལན་ཌི་དང་། ཐེ་ཝན། ཨིར་ལན་ཌི། སུད་ཛི་ལན་ཌི་བཅས་ཀྱི་གཞུང་ཚབ་ཆེན་མོ་དང་། གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་འདུག་པ་བཅས། །