༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གནད་དོན་སྤྱི་དང་། ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་ཉམས་ཞིབ་གནང་མཁན་ (Red Lantern Analytica) ཞེས་པའི་ཚོགས་པའི་ཚོགས་མི་གཞོན་སྐྱེས་ཉམས་ཞིབ་པ་གསུམ་དང་ཐུག་འཕྲད་གནང་ཡོད་འདུག
དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ཀྱི་གནད་དོན་འཛམ་གླིང་སྤྱི་དང་། ལྷག་པར་དུ་རྒྱ་གར་ལ་ཇི་ཙམ་གལ་གནད་ཆགས་ཀྱི་ཡོད་པ་སོགས་དྲ་ལམ་ཁག་བརྒྱུད་འཛམ་གླིང་ནང་ཁྱབ་སྤེལ་གནང་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གྲུབ་འབྲས་ལྡན་པའི་ལས་དོན་རྣམས་དེ་མཚུངས་འཛམ་གླིང་ནང་དྲིལ་བསྒྲགས་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་འདུག་པ་དང་། གཞོན་སྐྱེས་ཉམས་ཞིབ་པ་གསུམ་གྱིས་སོ་སོའི་ཉམས་ཞིབ་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ང་ཚོའི་ལས་དོན་འདྲ་མིན་ཐོག་ཁོ་ཚོའི་ངོས་ནས་མཉམ་རུབ་ཇི་ལྟར་གནང་ཐུབ་མིན་སྐོར་གསུངས་གནང་འདུག
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” ཞེས་པའི་ཕྱག་དཔེ་དང་། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་རྒྱབ་ལྗོངས་ངོ་སྤྲོད་ཀྱི་དཔེ་དེབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་ཡིག་ཆ་བཅས་ཕུལ་གནང་ཡོད་པ་དང་། ཁོང་རྣམས་ནས་ཀྱང་དཔལ་ལྡན་ཚོགས་གཞོན་མཆོག་ལ་རྒྱ་གར་དང་འབྲེལ་བའི་ཕྱག་དེབ་གཉིས་ཕྱག་རྟགས་སུ་ཕུལ་གནང་བ་བཅས། །