༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༢ ཉིན་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཚོགས་པ་དྲུག་གིས་གོ་སྒྲིག་ཞུས་པའི་དགོང་དྲོའི་གསོལ་སྟོན་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིན་དྷ་རཱ་ ཧང་ སུ་བྷ་ (Shri. Indra Hang Subba, Member of Lok Sabha from Gangtok) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་གནད་དོན་འདྲ་མིན་ཐོག་ཆུ་ཚོད་གཉིས་ཙམ་རིང་ཕན་ཚུན་བཀའ་མོལ་ལྷུགས་པོ་གནང་སོང་།
གཞན་ཡང་སྐབས་དེར་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ཆོས་སྒྲོན་ལགས་དང་། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་བཅས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །