དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་གནང་སྟེ། གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཀུ་མར་ཨུབ་རེ་ཊི་ (Shri. Arun Kumar Upreti, Speaker of Sikkim Legislative Assembly) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཐོག་མར་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་ངོ་སྤྲོད་སྙིང་བསྡུས་ཞུས་པ་མ་ཟད།  རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་ངོས་ནས་ད་བར་བོད་དོན་ཐོག་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་བཅས་ཞུས་གནང་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ད་རེས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་མོལ་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དུས་རྒྱུན་ཁོང་ཉིད་བོད་པའི་མཛད་སྒོ་ཁག་ལ་ཡང་ཡང་བཅར་གྱི་ཡོད་པའི་སྐོར་སོགས་གསུངས་རྗེས། སྐུ་ཞབས་ཁོང་གིས་དཔལ་ལྡན་ཚོགས་གཞོན་མཆོག་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།

ཐེངས་འདིའི་མཇལ་འཕྲད་སྐབས་སྒང་ཏོག་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་དང་། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། ས་གནས་འཐུས་མི་ཆུང་ཆུང་ལགས་བཅས་མཉམ་བཅར་ཞུས་ཡོད། གཞི་རྩའི་དཔལ་ལྡན་ཚོགས་གཞོན་མཆོག་སྒང་ཏོག་ཏུ་ས་འཐུས་རྣམ་པར་ཟབ་སྦྱོང་གནང་རྒྱུའི་སླད་ཆེད་བཅར་གནང་ཡོད།