དཔལ་ལྡན་ཚོགས་གཞོན་མཆོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་དུ་གཞུང་འབྲེལ་ཆེད་ཕེབས་གནང་བ།

 ༄༅། །རྒྱ་གར་ཡུ་པི་མངའ་སྡེའི་རྒྱལ་ས་ལཀ་ནའོ་རུ་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་བོད་དང་། གངས་རིན་པོ་ཆེ། མ་ཕམ་གཡུ་མཚོ་བཅས་བཅིངས་འགྲོལ་གྱི་མི་མང་གི་ཚོགས་ཆེན་ (Tibet Kailash Mansarovar Mukti Jan Sammelanཞིག་གོ་སྒྲིག་གནང་བའི་ཐོག་གདན་ཞུ་གནང་དོན་བཞིན། ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་།

        ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་སྔ་དྲོ་ཚོུད་ ༡༠།༣༠ ཐོག་དབུ་འཛུགས་ཀྱིས་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པང་ཀཅ་གོ་ཡལ་ (Pankaj Goyalམཆོག་ནས་འཚམས་འདྲི་གསུང་བཤད་གནང་བ་དང་། དེ་རྗེས་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་མཁན་སྐུ་ཞབས་ཨིན་ཌེ་རཤ་ཀུ་མར་ (Indresh Kumarམཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག  ཚོགས་པའི་བུད་མེད་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་རེ་ཁ་གུབ་ཊ་ (Rekha Guptaམཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁེར་མེ་ (R.K.Khirmeyམཆོག་བཅས་ནས་སྡིངས་ཆའི་སྟེང་སྣང་གསལ་མར་མེ་ཞལ་ཕྱེ་གནང་། ཚོགས་ཆེན་སྐབས་རྒྱ་གར་མངའ་སྡེ་གྲངས་ ༢༨ ནས་འཐུས་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་གནང་འདུག

 

        ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ ༡༤ པ་མཆོག་དང་རྒྱ་གར་RSS ཚོགས་པའི་གན་འཛིན་ཟུར་པ་སྐུ་ཞབས་སུ་དར་ཤན་ (Sudarshanམཆོག་གཉིས་ཀྱིས་ཐུགས་སྨོན་ཐོག་སྐུ་ཞབས་ཨིན་ཌེ་རཤ་ཀུ་མར་ལགས་དང་། སྐུ་ཞབས་ཀུལ་དིབ་ཅན་ཨཀ་ནི་ཧོ་ཏྲི(DrKuldeep Chang Agnihotriལགས་གཉིས་ནས་དབུ་འཛུགས་བ་ཡིན་འདུག ཚོགས་པ་དེ་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ནང་ནས་གཅིག་ཡིན་པ་དང་།

        ཚོགས་ཆེན་སྐབས་སྐུ་ཞབས་པང་ཀཅ་མཆོག་ནས་གསུངས་དོན་དུ། ཚོགས་པ་དེའི་དམིགས་བསལ་གཙོ་བོ་ནི་བོད་ཀྱི་གནད་དོན་ཐོག་དང་། རྒྱ་ནག་གཞུང་ནས་རྒྱ་གར་གྱི་ས་མཚམས་སུ་གློ་བུར་བཙན་འཛུལ་གནང་ཡོད་པའི་ཁར་བོད་དང་གངས་རིན་པོ་གཉིས་རང་དབང་དགོས་རྒྱུའི་ཐོག་གོ་རྟོགས་སྤེལ་རྒྱུ་དེ་ཡིན།

        དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་ནས་རྒྱ་གར་གྱི་རྩ་ཁྲིམས་ཀྱི་པཱ་ལགས་སྐུ་ཞབས་བྷིམ་རའོ། ཨམ་བྷེཏ་ཀར་(Dr. Bhimrao Ambekdarམཆོག་ནས་ཕྱི་ལོ་ ༡༩༥༤ སྐབས་རྒྱ་གར་གྲོས་ཚོགས་གོང་མའི་ནང་དུ་གསུང་བཤད་གནང་བའི་ནང་། གལ་ཏེ་རྒྱ་གར་གཞུང་ནས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གི་ཚབ་ཏུ་བོད་ལ་ཆེ་མཐོང་གནང་ཡོད་ཚེ་རྒྱ་བོད་ས་མཚམས་ཐོག་རྙོག་གླེང་འཕྲད་ཡོད་མ་རེད་ཅེས་གསུངས་པ་དེར་ལོ་རྒྱུས་ཀྱི་བདེན་པ་ཞིག་རེད། དེ་མཚུངས་ལོ་རྒྱུས་སྟེང་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། རྒྱ་ནག་དམར་གཞུང་ནས་བོད་དེ་ཁྲིམས་འགལ་དུ་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་མ་བྱས་གོང་རྒྱ་གར་དང་བོད་དབར་ལས་རྒྱ་གར་དང་རྒྱ་ནག་གཞུང་དབར་ས་མཚམས་མེད། བོད་རྒྱ་དཀའ་རྙོག་མ་སེལ་བར་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ལ་ལྷིང་འཇགས་ཡོང་མི་སྲིད་ལ། དེ་བཞིན་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཉིས་ཀྱང་བཅིངས་འགྲོལ་མི་ཐུབ། རྙོག་གླེང་དེར་མུ་མཐུད་མ་གནས་བའི་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་གཉིས་ཀྱི་དབར་ཞི་མོལ་གང་མྱུར་བྱ་དགོས་རྒྱུ་གལ་ཆེར་ཡིན། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་། ཆོས་དད་རང་དབང་མེད་པ། རིག་གཞུང་རྩ་གཏོར། ཆབ་སྲིད་ཀྱི་དམ་བསྒྲགས། མི་རིགས་དབྱེ་འབྱེད། བོད་ནང་རྒྱ་མི་རིགས་སྤོ་ཤུགས་བཅས་ཇེ་སྡུག་འགྲོ་བཞིན་ཡོད་པའི་སྐོར་རྒྱས་བཤད་གནང་། བོད་ནང་བོད་མི་རྣམས་རང་ལུས་མེར་བསྲེགས་གནང་བཞིན་ཡོད་པ་བཅས་རྒྱ་ནག་གཞུང་གིས་བཙན་རྒོལ་བྱ་སྤྱོད་ལ་ལན་འདེབས་གསལ་པོ་དགོས་ཡོད་པ་སོགས་གསུངས་གནང་། དེ་ནས་ཚོགས་པའི་ལས་རིམ་དང་ལས་འགུལ་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་ཡང་མུ་མཐུད་བོད་དོན་ཐོག་གོ་རྟོགས་སྤེལ་གནང་ཡོང་བའི་རེ་བསྐུལ་གནང་འདུག དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་མགྲོན་རྣམ་པ་ཚང་མར་ལེགས་གསོལ་མཇལ་དར་གནང་ནས་ཚོགས་ཆེན་གྲོལ།  དེ་རྗེས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་རྫོགས་ Indira Gandhi Pratishtan ཚོགས་ཁང་གི་ཕྱིར་རྒྱ་གར་གྱི་རྒྱལ་དར་དང་། བོད་ཀྱི་རྒྱལ་དར། ཚོགས་པའི་དར་ཆ་བཅས་བསྒྲེངས་འཛུགས་ཡོད་སར་རྒྱ་གར་གྱི་རྒྱལ་གླུ་བཏང་འདུག་པ་བཅས།།

 

Menu