དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱམ་སའོ་རབ་ཤར་མ་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་རཱམ་སའོ་རབ་ཤར་མ་ (Ram Swaroop Sharma) མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ཚེས་ ༡༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་རཱམ་སའོ་རབ་ཤར་མ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་དང་། ཕྱི་ལོ་ ༢༠༡༩ ལོར་སླར་ཡང་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་ཡོད་པ་བཅས་སྐབས་གཉིས་རིང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་གནང་ཞིང་། དེའི་རིང་རྒྱ་གར་གྲོས་ཚོགས་འཐུས་མིའི་ཕྱི་དྲིལ་ལས་དོན་ཚན་པ་དང་། རིག་གཞུང་དང་ཡུལ་སྐོར་ཚན་པའི་རྒྱུན་ལས་ཚོགས་མི་བཅས་གནང་འདུག གཞན་ཡང་དམ་པ་ཁོང་གིས་མན་ཌི་རྫོང་གི་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་དང་། ཕྱིས་སུ་ཧི་མ་ཅཱལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ། ཧི་མ་ཅཱལ་མངའ་སྡེའི་བཟའ་བཅའ་བགྲོ་བགྲེམས་ལྷན་ཚོགས་ཀྱི་ཚོགས་གཞོན། རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་བཅས་གནང་འདུག

དམ་པ་ཁོང་གིས་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མ་ཅཱལ་མངའ་སྡེའི་མན་ཌི་རྫོང་གི་ས་གནས་མི་མང་རྣམས་ལ་ཞབས་ཞུ་ཧུར་ཐག་བསྒྲུབས་པར་བརྟེན། ཚང་མས་དམ་པ་ཁོང་ནི་དབུ་འཁྲིད་ཚད་ལྡན་ཞིག་དང་། ཆབ་སྲིད་ནང་ཆ་ཤས་མང་པོ་བཞེས་མཁན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད། དེ་བཞིན་དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་ཞིང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚང་མར་མཉམ་ཞུགས་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་བཞུགས་སྒར་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ་སོགས་བོད་མིའི་འཐབ་རྩོད་ཀྱི་ལས་འགུལ་མང་པོའི་ནང་མཉམ་ཞུགས་ཀྱིས་བོད་དང་། བོད་མིར་གདུང་སེམས་མཉམ་སྐྱེད་དང་། བོད་མིའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན།

གཞན་ཡང་དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་དང་། རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ (Bharat Ratna) འབུལ་དགོས་གསུང་མཁན་ཞིག་ཡིན། ལྷག་པར་དུ་དམ་པ་ཁོང་གིས་མན་ཌི་ཁུལ་ལ་གནས་སྡོད་བོད་མི་རྣམས་ལ་རོགས་རམ་ཆེན་པོ་གནང་ཡོད།དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་སྤྱི་ལ་གྱོང་གུད་ཆེན་པོ་ཕོག་པ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཆེན་པོ་ཕོག་ཡོད་པ་བཅས། །