དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་རྒྱལ་ཡོངས་གསར་ཁང་གཉིས་ཀྱི་གསར་འགོད་པའི་བོད་དོན་སྐོར་གྱི་བཅའ་འདྲིར་ལན་འདེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༩ ཉིན་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་གསར་ཁང་ (TV9 Bharat Varsh) དང་། (Etv Bharat) གཉིས་ཀྱི་གསར་འགོད་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བོད་དོན་སྐོར་བཅའ་འདྲི་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་གསར་ཁང་ (TV9 Bharat Varsh) ཞེས་པའི་གསར་འགོད་པ་ར་ཧུལ་ཅའོ་ལ་ (Rahul Chawla) ལགས་དང་། (Etv Bharat) ཞེས་པའི་གསར་འགོད་པ་སྐུ་ཞབས་སོ་རབ་ཨ་ཊ་ཝལ་ (Sourabh Atwal) ལགས་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོགས་འདུའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་གྲོང་ཁྱེར་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཙུགས་ཏེ་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་མེ་འཁོར་གཏོང་རྒྱུ་ཡིན་སྐོར་བཤད་པའི་སྐོར། དེ་བཞིན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩  རྐྱེན་པས་འཛམ་གླིང་ནང་དཀའ་ངལ་ཆེན་པོ་བཟོས་ཡོད་སྟབས། དེས་བོད་དོན་ཐོག་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་སོགས་ལ་བཅའ་འདྲི་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

རྩ་བའི་གསར་འགོད་པ་ཁོང་རྣམ་གཉིས་ནི་ས་གནས་ཀྱི་གསར་ཁང་ནང་ཡུན་རིང་ཕྱག་ལས་གནང་མྱོང་མཁན་ཞིག་དང་། ཉེ་ལམ་གོང་གསལ་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་གསར་ཁང་སོ་སོའི་ནང་གསར་འགོད་པར་བསྐོ་གཞག་བྱུང་ཡོད་སྟབས། དཔལ་ལྡན་ཚོགས་གཞོན་མཆོག་གིས་དེ་རིང་བཅའ་འདྲི་དང་ལེན་དང་འབྲེལ་ཁོང་རྣམ་གཉིས་རྒྱལ་ཡོངས་བརྙན་འཕྲིན་གསར་ཁང་སོ་སོར་བསྐོ་གཞག་བྱུང་བར་འཚམས་འདྲི་དང་། མ་འོངས་པར་༧གོང་ས་མཆོག་དང་། བོད་དོན་སྐོར་སྔར་ལྷག་སོ་སོའི་གསར་ཁང་ཆེད་གནས་ཚུལ་མཁོ་སྒྲུབ་གནང་རྒྱུའི་འབོད་སྐུལ་ཞུས་གནང་སོང་།

ཁོང་རྣམ་གཉིས་ནི་སོ་སོའི་བརྙན་འཕྲིན་གསར་ཁང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་པའི་འཐབ་རྩོད་སོགས་བོད་དོན་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་གནང་རྒྱུར་གཙོ་བོ་བཀོད་མངགས་གནང་བ་ཞིག་ཡིན་འདུག་པ་བཅས།།

Menu