དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ལས་དོན་དང་འབྲེལ་ཀངྒ་ར་རྫོང་དཔོན་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེེས་ ༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨརཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས། འབྲེལ་ཡོད་ལས་བྱེད་བཅས་ནས་འབྱུང་འགྱུར་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཀྱི་ལས་དོན་འབྲེལ། ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ (Shri Rakesh Kumar Prajapati) མཆོག་གི་ལྷན་ཁོང་གི་ལས་ཁུངས་སུ་མཇལ་འཕྲད་གནང་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། ཚོགས་དྲུང་སོགས་ཀངྒ་ར་རྫོང་དཔོན་ལས་ཁུངས་སུ་ཆེད་བཅར་གྱིས་རྫོང་དཔོན་མཆོག་ལ་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༥ ནས་ ༣༡ བར་ལས་ཉིན་གྲངས་བཅོ་ལྔའི་རིང་འཚོགས་གཏན་འཁེལ་ཡོད་པ་དང་། སྤྱི་འཐུས་རྣམ་པ་རྒྱལ་ཁབ་འདྲ་མིན་དང་། རྒྱ་གར་མངའ་སྡེ་ཁག་འདྲ་མིན་ནས་ཚོགས་འདུའི་ཆེད་ཕེབས་ཀྱི་ཡོད་པའི་སྐོར་ཡིག་ངག་གཉིས་ཐོག་ནས་སྙན་སེང་ཞུས་པར། སྐུ་ཞབས་ཁོང་གིས་རྒྱ་གར་གཞུང་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཡི་སྔོན་འགོག་ལམ་སྟོན་ཕེབས་པ་ཁག་སྲུང་བརྩི་ཞུས་པའི་ཐོག་གྲོས་ཚོགས་འཚོགས་དགོས་པའི་ལམ་སྟོན་དང་། ད་ཆ་རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་འཚོགས་བཞིན་ཡོད་སྟབས། རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་ནས་ཇི་ལྟར་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་གནང་བཞིན་ཡོད་པ་དེ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གནང་དགོས་པའི་ལམ་སྟོན་ཕེབས་གནང་འདུག

གཞན་ཡང་སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་རྫོང་སྡེ་ལས་ཁུངས་ནས་གཟིགས་ཞིབ་ཏུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་པར་སྐུ་ཞབས་ཁོང་ནས་དགོས་གལ་ལ་གཟིགས་ཏེ་ཕེབས་ཀྱི་ཡིན་ཞེས་དང་། དེ་བཞིན་རྫོང་དཔོན་མཆོག་མ་འོངས་པར་གྲོས་ཚོགས་སུ་ངེས་པར་དུ་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་གནང་བར། སྐུ་ཞབས་ཁོང་གིས་དུས་ཁོམ་བྱུང་ན་ངེས་པར་དུ་བཅར་རྒྱུའི་ཞལ་བཞེས་གནང་འདུག་པ་བཅས། །